ཉེ་ལམ། རྒྱལ་ཁབ་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡིས་ཉིས་སྟོང་བཅུ་བདུན་ལོའི་ཀྲུང་གོའི་མི་སྡོད་ཁོར་ཡུག་དཔེ་ལེགས་བྱ་དགའ་ཐོབ་པའི་མིང་ཐོའི་བརྡ་ཁྱབ་ཅེས་པ་དཔར་ནས། ཉིས་སྟོང་བཅུ་བདུན་ལོའི་ཀྲུང་གོའི་མི་སྡོད་ཁོར་ཡུག་གི་བྱ་དགའ་ཐོབ་པའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། དེའི་ཁྲོད་མཚོ་སྔོན་ཡུས་ཧྲུའུ་གྲོང་ཁྱེར་གྱི་ཁྱད་ལྡན་ཁོར་ཡུག་གི་ཡུལ་ལྗོངས་རྣམ་པ་མཐོར་འདེགས་གཏོང་བའི་ལས་གཞིར་ཀྲུང་གོའི་མི་སྡོད་ཁོར་ཡུག་གི་དཔེ་ལེགས་བྱ་དགའ་ཐོབ།
ཀྲུང་གོའི་མི་སྡོད་ཁོར་ཡུག་དཔེ་ལེགས་བྱ་དགའ་ནི་རང་རྒྱལ་གྱི་གྲོང་ཁྱེར་འཛུགས་སྐྲུན་ལས་གཞིའི་བྱ་དགའ་མཐོ་གྲས་ཡིན་པ་དང་། བྱ་དགའ་དེ་ནི་ཆེད་དུ་མཁར་གྲོང་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་། གྲོང་དང་གྲོང་རྡལ་གྱི་སྤྱིའི་བྱེད་ནུས་མཐོར་འདེགས་གཏོང་བ། མི་སྡོད་ཁོར་ཡུག་སྔར་ལས་ལེགས་པོ་ཞིག་གསར་སྐྲུན་བྱེད་པ་བཅས་ཀྱི་ཐད་གྲུབ་འབྲས་འབུར་ཐོན་བླངས་པའི་གྲོང་ཁྱེར་དང་སྡེ་བ། གྲོང་རྡལ། ལས་ཁུངས་བཅས་ལ་སྟེར་བཞིན་པའི་བྱ་དགའི་རྣམ་གྲངས་ཤིག་ཀྱང་ཡིན་ལ། བྱ་དགའ་དེ་ནི་ཉིས་སྟོང་གཅིག་ལོ་ནས་བཟུང་དངོས་སུ་སྟེར་མགོ་བརྩམས།
རྒྱུས་ལོན་བྱུང་བ་ལྟར་ན། ཡུས་ཧྲུའུ་ས་འགུལ་རྗེས་ཀྱི་བསྐྱར་སྐྲུན་བཟོ་སྐྲུན་ཆེན་མོ་བཅུ་ནི་ཡུས་ཧྲུའུ་གསར་བ་འཛུགས་སྐྲུན་བྱེད་པའི་ཇུས་གཞི་གཙོ་བོ་ཡིན་པ་དང་། ཡུས་ཧྲུའུ་གསར་བ་དང་ཁྱིམ་གཞི་གསར་བ་བསྐྲུན་པའི་སྣང་བརྙན་གསོན་པོ་ཡང་ཡིན་པར་མ་ཟད། དེ་ནི་དུས་རབས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས། ས་ཁོངས་ཀྱི་རྣམ་པ་བཅས་མངོན་པར་མཚོན་པའི་དོད་རྟགས་རང་བཞིན་གྱི་འཛུགས་སྐྲུན་ཞིག་ཀྱང་ཡིན། ལས་གཞི་འདི་དག་གིས་མི་རིགས་ཀྱི་རིག་གནས་དང་ལོ་རྒྱུས་ཀྱི་རིག་གནས། ཆོས་ལུགས་རིག་གནས་བཅས་ལ་གུས་བརྩི་བྱས་པ་མངོན་པར་མཚོན་པ་ལས་གཞན། ལོ་རྒྱུས་ཀྱི་ཉམས་སད་ཐེག་ཐུབ་པའི་ས་རྟགས་རང་བཞིན་གྱི་འཛུགས་སྐྲུན་ཞིག་ཀྱང་རེད།