ད་ལོའི་ཟླ་དང་པོ་ནས་ཟླ་བཅུ་བའི་བར་དུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་བརྟན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་ཐེར་ཆེན་དྲུག་དང་ཐེར་འབུམ་གཉིས་དུང་ཕྱུར་ལྔ་ལྷག་བཏང་ཞིང་། དེ་ནི་ལོ་སྔོན་མ་ལས་བརྒྱ་ཆའི་ཉེར་གཅིག་གིས་ཇེ་མང་དུ་འཕར་བར་མ་ཟད། ན་ནིང་ལས་བརྒྱ་ཆའི་བཅུ་དང་གྲངས་ཆུང་གཅིག་བཞི་ཡིས་ཇེ་མང་དུ་འཕེལ་བ་ལས་གཞན། དེས་ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་བཅོ་བརྒྱད་དང་གྲངས་ཆུང་གཉིས་དྲུག་ཟིན་ཡོད། དེའི་འཕེལ་ཚད་ནི་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་བརྒྱ་ཆའི་བཅུ་གསུམ་དང་གྲངས་ཆུང་དགུ་ཡིན་པས། དེར་ཐོན་ལས་གསུམ་པའི་འཕེལ་ཚད་མགྱོགས་ཤིང་། དམངས་གཉེར་དངུལ་གཏོང་གི་ཚད་སྔར་ལས་ཇེ་མགྱོགས་ཡིན་པ་སོགས་ཀྱི་ཁྱད་ཆོས་ལྡན།
ད་ལོར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་སྒྱུར་བ་བཞི་རྒྱུན་འཁྱོངས་བྱས་པ་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱས་ཤིང་། ཐོན་ནུས་རྒྱུན་ཆད་མེད་པའི་ངང་ལྷུག་གཏོང་བྱས་ཏེ། དངུལ་གཏོང་གཞི་ཁྱོན་བར་མ་ཆད་པའི་ངང་ནས་ཆེ་རུ་བསྐྱེད། ད་ལོའི་ཟླ་དང་པོ་ནས་ཟླ་བཅུ་བའི་བར་དུ། མཚོ་ནུབ་ཁུལ་གྱིས་ཁྱོན་བསྡོམས་དངུལ་གཏོང་ལས་གཞི་སྟོང་གཅིག་དང་ལྔ་བརྒྱ་གྱ་ལྔ་ཡོངས་འགྲུབ་བྱས་ཤིང་། དེ་ནི་ལོ་སྔོན་མ་ལས་བརྒྱ་ཆའི་བཅོ་ལྔ་ཡིས་ཇེ་མང་དུ་འཕེལ། དེའི་ཁྲོད་དུ་མ་དངུལ་སྒོར་བྱེ་བ་ལྔ་མན་གྱི་ལས་གཞི་སྟོང་གཅིག་དང་ཉིས་བརྒྱ་དོན་བརྒྱད་ཡོད་ཅིང་། དེ་ནི་ལོ་སྔོན་མ་ལས་བརྒྱ་ཆའི་ཉིས་བརྒྱ་དང་ཞེ་དྲུག་གིས་ཇེ་མང་དུ་འཕར། དུས་མཚུངས་སུ། མཚོ་ནུབ་ཁུལ་གྱི་ལས་གཞི་སྒྲུབ་ཚད་བརྒྱ་ཆའི་གོ་ལྔ་དང་གྲངས་ཆུང་གཉིས་ལ་སླེབས་ཡོད་ཅིང་། དེ་ནི་ལོ་སྔོན་མ་ལས་བརྒྱ་ཆའི་གཅིག་གིས་ཇེ་མང་དུ་འཕར་ཡོད།