མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ།
2017.11.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

 ཟླ་བཅུ་གཅིག་པའི་ཚེར་ཉེར་གཅིག་ཉིན་ནས་ཚེས་ཉེར་གཉིས་ཉིན་བར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱ་བའི་ཡུལ་དངོས་སྐུལ་འདེད་ཚོགས་འདུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་དུ་བསྡུས་པ་དང་། ཚོགས་འདུའི་སྟེང་ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་འགོག་བཅོས་བྱ་བའི་སྤྱིའི་འཕེལ་རིམ་གནས་ཚུལ་ཁྱབ་བསྒྲགས་བྱས། མཚོ་སྔོན་ཞིང་ཆེན་གྱིས་སྔོན་འགོག་རྒྱུན་འཁྱོངས་དང་འགོག་བཅོས་བྱེད་ཐབས་ཟུང་འབྲེལ་བྱས་ནས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཙོར་བྱས་པའི་ས་ཁུལ་གཞན་དག་གི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱ་བར་གྲུབ་འབྲས་མངོན་གསལ་བླངས།

གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་འགོག་བཅོས་བྱ་བར་གྲུབ་འབྲས་སྔར་ལས་བཟང་བོ་ལེན་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན་པ་སྟེ། དྲིལ་སྒྲོག་སློབ་གསོའི་ཐད་ནས་སྔོན་འགོག་རྒྱུན་འཁྱོངས་བྱེད་པ་གཙོར་བཟུང་ནས་བདེ་ཐང་དཔལ་ཡོན་འཚོ་བའི་བྱེད་ཐབས་འཛུགས་པ་དང་བདེ་ཐང་མིན་པའི་སྲོལ་རྒྱུན་འཚོ་བའི་གོམས་གཤིས་སོགས་ལ་དམིགས་ནས་དྲིལ་སྒྲོག་བྱ་བ་སྤེལ་དགོས། ཐུམ་འབུའི་ནད་རྩ་བ་ནས་འགོག་བཅོས་བྱེད་པའི་ཐད་ནས་སྒོ་ཁྱིའི་ཐོ་འགོད་དོ་དམ་དང་ཁྱི་སྡོམ་ཐག་གཅོད། སྒོ་ཕྱུགས་ཀྱི་འགོས་ནད་ཞིབ་བཤེར། འཐུང་ཆུའི་བདེ་འཇགས་ལ་འགན་སྲུང་བྱེད་པ་སོགས་ཕྱོགས་བསྡུས་རང་བཞིན་གྱི་འགོག་བཅོས་བྱེད་ཐབས་གཟབ་ནན་གྱིས་དོན་འཁྱོལ་བྱེད་དགོས། ནད་པའི་རོགས་སྐྱོབ་ཐད་ནས་དར་རྒྱས་ཆེ་བའི་ཞིང་ཆེན་དང་དམག་དཔུང་གི་སྨན་བཅོས་ལག་རྩལ་ཐོན་ཁུངས་རོགས་སྐྱོར་ནང་རྐྱེན་ལ་བརྟེན་ནས་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་རིམ་པ་སོ་སོའི་ཐུམ་འབུའི་ནད་སོགས་ས་གནས་རང་བཞིན་གྱི་ནད་རིགས་ཚབས་ཆེན་གྱི་རོགས་སྐྱོབ་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བ་དང་ཕྱོགས་མང་པོའི་རོགས་སྐྱོར་བརྩོན་ལེན་བྱས་ཏེ་ནད་པའི་སྨན་བཅོས་ཁུར་བོ་ཇེ་ཡང་དུ་གཏོང་བ། ཐུམ་འབུའི་ནད་འགོག་བཅོས་བྱ་བའི་གནད་ཕིགས་དབུལ་སྐྱོར་དམིགས་འབེན་མངོན་འགྱུར་བྱེད་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་བྱ་བ་བཟང་བོར་སྤེལ་བར་མཉམ་དུ་སྐུལ་འདེད་གཏོང་དགོས་པ་དང་ཐུམ་འབུའི་ནད་འགོག་བཅོས་བྱ་བར་གྲུབ་འབྲས་བཟང་བོ་བླངས་ཏེ་ཉིས་སྟོང་ཉི་ཤུ་ལོའི་བར་དུ་གཞི་རྩའི་སྟེང་ཐུམ་འབུམ་ནད་ཚོད་འཛིན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་དགོས།