ཁྲི་ཀ་རྫོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བྱ་བ་བཟང་པོར་སྒྲུབ་བཞིན་ཡོད།
2017.11.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་རྗེས། ཁྲི་ཀ་རྫོང་གིས་དུས་ཐོག་ཏུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་ཚོགས་འདུ་བསྡུས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་རྫོང་ཏང་ཨུའི་སྒྲོག་འགྲེལ་ཚོགས་པ་དང་ཞང་གྲོང་གི་སྒྲོག་འགྲེལ་ཚོགས་པ། ཏང་གི་འཐུས་མིའི་སྒྲོག་འགྲེལ་ཚོགས་པ་སོགས་སྒྲོག་འགྲེལ་ཚོགས་པ་བདུན་རྩ་འཛུགས་བྱས་ཏེ་རྫོང་ཡོངས་ཀྱི་ས་ཁུལ་སོ་སོར་སོང་ནས་རིམ་པ་མང་པ་དང་ཁེབས་རྒྱ་ཆེ་བའི་སྒྲོག་འགྲེལ་བྱ་འགུལ་སྤེལ་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁེ་ལས་དང་ཞིང་སྡེ། འབྲོག་ཁུལ་དུ་སྐྱོད་པ་སོགས་སྐྱོད་པ་དགུའི་རྣམ་པར་སྐུལ་འདེད་བཏང་ནས། དུས་ཐོག་ཏུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བཟང་བོ་བྱེད་པའི་ལས་འགན་ཡོངས་འགྲུབ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྲི་ཀ་རྫོང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་སྐུལ་འདེད་བཏང་།

ཁྲི་ཀ་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀླུ་འབུམ་ཚེ་རིང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་ཀྱིས་སྔར་ལས་གཏིང་ཟབ་སྒོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པར་སྣེ་ཁྲིད་བྱེད་ཆེད། ཁྲི་ཀ་རྫོང་ཏང་ཨུས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་དང་པོར་བརྩིས་ཏེ་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་ཚོགས་འདུ་བསྡུས་ཏེ་ཆེད་དོན་སློབ་སྦྱོང་བརྗེ་རེས་བྱས་པ་དང་། རྫོང་ཏང་ཨུའི་ཧྲུའུ་ཅི་ལན་ཧྲིན་ཧྥིན་གྱིས་དཔེ་སྟོན་སྣེ་ཁྲིད་བྱས་ཏེ་རྫོང་ཡོངས་ཀྱི་ལས་བྱེད་པའི་ཚོགས་འདུའི་སྟེང་ཁོ་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པར་ཟུར་ཁྲིད་སྙན་ཞུ་ཕུལ་ཏེ་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱེད་པར་སྐུལ་འདེད་བཏང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་གཅིག་བསྡུས་སློབ་སྦྱོང་དང་སྙན་ཞུ་ཚོགས་འདུ་བསྡུ་བ། ཆེད་དོན་རྟོག་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱས་ཟེར།

ཁོས་བཤད་རྒྱུར། ཁྲི་ཀ་རྫོང་ཏང་ཨུའི་རྩ་འཛུགས་པུའུ་དང་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའུ་གཉིས་ཀྱིས་ཏང་གི་སློབ་གྲྭ་རུ་གསོ་སྦྱོང་འཛིན་གྲྭ་ཐེངས་གཉིས་བསྒྲུབས་པ་དང་། ཞིང་ཆེན་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་དག་གདན་འདྲེན་བྱས་ཏེ་རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་སྟོང་གཅིག་ལྷག་ལ་གསོ་སྦྱོང་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན། སྡེ་ཁག་སོ་སོས་ཧུར་ཐག་གིས་ཞིན་ཧྭ་དཔེ་ཚོང་ཁང་དང་འབྲེལ་འདྲིས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་ཟུར་ལྟའི་ཀློག་དེབ་ཉོས་ཏེ་སློབ་སྦྱོང་བྱས། དེ་དང་མཉམ་དུ། ཁྲི་ཀ་རྫོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནད་བསྡུས་ཞེས་པ་རྩོམ་སྒྲིག་པར་སྐྲུན་བྱས་པར་མ་ཟད་དུས་ཐོག་ཏུ་འགྲེམ་སྤེལ་བྱས་ཏེ་ལས་བྱེད་མང་ཚོགས་དག་གི་སློབ་སྦྱོང་གི་དགོས་མཁོ་བསྐངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བྱ་བར་རིག་གཞུང་གི་གཞི་འཛིན་ས་འདོན་སྤྲོད་བྱས་ཟེར།

ཁྲི་ཀ་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་དུས་ཐོག་ཏུ་ཁྲི་ཀའི་དྲ་བ་དང་ཁྲི་ཀའི་གསར་འགྱུར་ཕྱོགས་བསྡུས་དྲ་བ་སོགས་དྲ་རྒྱའི་དྲིལ་སྒྲོག་སྨྱན་བྱད་དང་སྟེགས་བུ་བརྒྱུད་ནས་འབྲེལ་ཡོད་གནས་ཚུལ་སྤེལ་ཏེ་ཧུར་ཐག་གིས་རིགས་སོ་སོའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་སློབ་སྦྱོང་བྱེད་པར་སྣེ་ཁྲིད་བྱས།