ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཟབ་ནན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་སྔར་ལས་ལྷག་པའི་སྒོ་ནས་ནོར་སྲིད་བྱ་བ་སྒྲུབ་མཁན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བཟོ་སྐྲུན་འཛུགས་སྐྲུན་ཐད་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་བ། དོན་དངོས་དང་མཐུན་པའི་སྒོ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བཅས་བྱེད་ཆེད། མིག་སྔར། ཞིང་ཆེན་སྐྱེ་ཁམས་སྲུང་སྐྱོབ་གཞུང་སྒྲུབ་ཁང་དང་ཞིང་ཆེན་ཞིང་ཕྱུགས་ཐིན། ཞིང་ཆེན་ནགས་ལས་ཐིན་བཅས་ཀྱིས་མཉམ་འབྲེལ་སྒོས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་སྐབས་གཉིས་པའི་ནོར་སྲིད་མི་སྣའི་ལས་སྒོའི་ནུས་པ་མཐོར་འདེགས་གཏོང་བའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས།
ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་ལྷོ་ནུབ་ནོར་སྲིད་དཔལ་འབྱོར་སློབ་ཆེན་གྱིས་སྒྲུབ་འགན་ཁུར་ཏེ་བསྒྲུབས་པ་རེད། གསོ་སྦྱོང་འཛིན་གྲྭས་སློབ་ཁང་ནང་སློབ་ཁྲིད་བྱེད་པ་དང་ཡུལ་དངོས་ནས་བརྗེ་རེས་བྱེད་པ། ཡུལ་དངོས་ནས་ཉམས་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ་གསོ་སྦྱོང་མི་སྣའི་གསོ་སྦྱོང་ཁྲོད་ཀྱི་གོ་གནས་གཙོ་བོ་ཕྱིར་ཐོན་པར་བྱས་པ་དང་། སྔོན་གྱི་དགེ་རྒན་གཙོ་ཡིན་པའི་འཆད་ཁྲིད་རྣམ་པའི་གསོ་སྦྱོང་བྱེད་ཐབས་དེ་སློབ་མ་གཙོ་ཡིན་པའི་བློ་འབྱེད་རྣམ་པའི་སློབ་ཁྲིད་བྱེད་ཐབས་དང་ཆེད་དོན་རྣམ་པའི་ཞིབ་འཇུག་གྲོས་བསྡུར་བྱེད་ཐབས། དྲིས་ལན་རྣམ་པའི་བརྗེ་རེས་སོགས་ནོར་སྲིད་བྱ་བ་སྒྲུབ་མཁན་གྱི་སློབ་སྦྱོང་དགོས་མཁོ་དང་འཚམ་པའི་གསོ་སྦྱོང་བྱེད་ཐབས་སྤྱད་དེ་གསོ་སྦྱོང་བྱས། གསོ་སྦྱོང་སྟེང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་རྒྱུན་མཐུད་འཕེལ་རྒྱས། ཉིས་སྟོང་བཅོ་བརྒྱད་ལོའི་སྤྱི་ཁོག་དཔལ་འབྱོར་རྣམ་པར་སྔོན་དཔག་དང་སྲིད་ཇུས་འགྲེལ་ཀློག་བྱེད་པ། གཞུང་ཞབས་མི་སྣའི་ལས་སྒྲུབ་ཉེན་ཁ་དང་དོགས་ཟོན་སོགས་ནང་དོན་གཙོ་བོར་བཟུང་ནས་བཀོད་སྒྲིག་བྱས་པས་གསོ་སྦྱོང་ལ་ཞུགས་པའི་མི་སྣ་དག་གི་འགན་འཁྲིའི་འདུ་ཤེས་དང་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་ཇེ་དྲག་ཏུ་བཏང་། དེ་དང་མཉམ་དུ། གསོ་སྦྱོང་ནང་དོན་ཐད་ནས། འཁོར་སྐྱོད་ནོར་སྲིད་བྱ་བར་ལྡན་དགོས་པའི་ཤེས་བྱ་སྒྲིག་གཞིའི་རེ་བ་དང་། རྣམ་པ་གསར་བ་དང་མིག་སྔའི་བྱ་བ་གཙོ་བོར་དམ་དུ་དམིགས་ནས་ཆེད་ལས་རང་བཞིན་དྲག་པ་དང་དམིགས་སའི་རང་བཞིན་དྲག་པ། དངོས་སྤྱོད་རང་བཞིན་དྲག་པ། ཁེབས་རྒྱ་ཆེ་བའི་སྒོ་ནས་ནོར་སྲིད་མཉེན་ཆས་ཀྱི་ལག་ལེན་དང་སྲིད་འཛིན་ལས་རིགས་སྡེ་ཁག་གི་རྩིས་གཉེར་ཞིབ་རྩིས་སོགས་སློབ་ཁྲིད་ཀྱི་ནང་དོན་གཙོ་བོར་བཀོད་སྒྲིག་བྱས་ནས་ནོར་སྲིད་ཤེས་བྱ་བཀོལ་སྤྱོད་བྱེད་པའི་ནུས་པ་ཇེ་དྲག་ཏུ་བཏང་།