མཚོ་སྔོན་ཞིང་ཆེན་གྱི་ཨེ་ཙི་ནད་ཕོག་ཡོད་པའི་ནད་པ་དག་གིས་གཏན་ཁེལ་བྱས་པའི་སྨན་ཁང་ནས་རིན་མེད་སྨན་བཅོས་ལོངས་སྤྱོད་བྱས་ཆོག
2017.12.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ནི་འཛམ་གླིང་གི་ཨེ་ཙི་ནད་ཀྱི་ཉིན་མོ་ཐེངས་སུམ་ཅུ་བ་ཡིན་པ་དང་། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཨེ་ཙི་ནད་དུག་འགོག་བཅོས་ཁེབས་རྒྱ་ཆེ་རུ་བསྐྱེད་དེ། རང་མོས་ཀྱིས་སྨན་བཅོས་བྱེད་འདོད་པ་དག་ལ་གང་ནུས་ཀྱིས་སྨན་བཅོས་བྱེད་པ་དང་སྨན་བཅོས་བྱེད་འོས་པ་དག་ལ་གང་ནུས་ཀྱིས་སྨན་བཅོས་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་། རང་མོས་ཀྱིས་སྨན་བཅོས་བྱེད་འདོད་པའི་ཨེ་ཙི་ནད་པ་ཚང་མས་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་དང་ན་གོར་མོ་གྲོང་ཁྱེར་མི་དམངས་སྨན་ཁང་ནས་རིན་མེད་པར་ནད་དུག་འགོག་པའི་སྨན་བཅོས་བྱས་ཆོག

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་སྡེ་ཁག་མང་པོས་མཉམ་ལས་བྱེད་པ། སྤྱི་ཚོགས་ཡོངས་མཉམ་དུ་ཟབ་ཞུགས་བྱེད་པའི་འགོག་བཅོས་ནང་རྐྱེན་འཛུགས་སྐྲུན་དང་འཐུས་ཚང་དུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ཨ་ཙི་ནད་འགོག་བཅོས་བྱེད་པའི་རིགས་སོ་སོའི་བྱ་བར་བརྟན་འཇགས་སྒོས་སྐུལ་འདེད་བཏང་། སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་ཨེ་ཙི་ནད་དཔྱད་ཞིབ་འདྲི་རྟོག་ཚོད་ལྟ་ཁང་གི་དྲ་རྒྱ་འཐུས་ཚང་དུ་བཏང་ནས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། ན་གོར་མོ་གྲོང་ཁྱེར་བཅས་སུ་ཨེ་ཙིའི་ནད་གཞི་གཏན་ཁེལ་བྱེད་པའི་ཚོད་ལྟ་ཁང་གསུམ་གསར་འཛུགས་བྱས། མིག་སྔར། ཞིང་ཆེན་ཡོངས་སུ་ཨེ་ཙིའི་ནད་གཞི་རང་མོས་ཀྱིས་འདྲི་རྟོག་དང་དཔྱད་ཞིབ་བྱེད་གནས་བརྒྱ་དང་སོ་བརྒྱད་བཙུགས་ཏེ་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོར་ཁེབས་པར་བྱས་ཡོད་པ་དང་སྤྱི་ཚོགས་ཡོངས་ལ་ཨེ་ཙི་ནད་གཞི་འདྲི་རྟོག་དང་དཔྱད་ཞིབ་བྱེད་པའི་རིན་མེད་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད།