མཚོ་སྔོན་ཞིང་ཆེན་གྱིས་ཞིང་བ་ཞོར་ལས་པའི་ཟླ་ཕོགས་སྟེར་བའི་གནས་ཚུལ་ཐད་ཀྱི་ཞིབ་བཤེར་སྤེལ།
2017.12.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

མཚོ་སྔོན་ཞིང་ཆེན་ཁེ་ལས་ཀྱིས་ཟླ་ཕོགས་དུས་འགྱངས་ཆད་ལུས་བྱེད་པའི་གནད་དོན་ཐག་གཅོད་པའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་བརྡ་སྦྱོར་སྤེལ་ནས། ས་ཆ་སོ་སོས་ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན་ནས2018ལོའི་ལོ་སར་སྔོན་བར་དུ་ཞིང་བ་ཞོར་ལས་པའི་ཟླ་ཕོགས་སྟེར་བའི་གནས་ཚུལ་ཐད་ཀྱི་ཆེད་དོན་ཞིབ་བཤེར་སྤེལ་རྒྱུའི་རེ་བ་བཏོན། ཆེད་དོན་ཞིབ་བཤེར་བརྒྱུད་དེ། ཟླ་ཕོགས་དུས་འགྱངས་ཆད་ལུས་གནད་དོན་བཅོས་སྐྱོང་བྱེད་པའི་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་ལེན་པར་ཁག་ཐེག་བྱེད་པ་དང་། ལོ་སར་སྔོན་དུ་ཟླ་ཕོགས་ཆད་ལུས་བྱས་པའི་གྱོད་གཞི་དང་ཞིང་བ་ཞོར་ལས་པའི་མི་གྲངས་ཇེ་ཉུང་དུ་གཏོང་ཐུབ་པར་བྱེད་པ། ཟླ་ཕོགས་ཆད་ལུས་ཐད་ནས་བྱུང་བའི་ཚོགས་པ་རང་བཞིན་གྱི་དོན་རྐྱེན་གྱི་གྲངས་ཀ་ཇེ་ཉུང་དུ་གཏོང་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཆེད་དོན་ཞིབ་བཤེར་བྱེད་ཡུལ་གཙོ་བོ་ནི་བཟོ་སྐྲུན་འཛུགས་སྐྲུན་ཁྱབ་ཁོངས་དང་ཞིང་བ་ཞོར་ལས་པ་ཅུང་མང་པའི་གཏེར་ཁུངས་དང་གློག་ཤུགས། ལས་སྣོན་བཟོ་སྐྲུན། བཟའ་བཏུང་ཞབས་ཞུ། ངལ་རྩོལ་པ་ཅུང་མང་པའི་ཁེ་ལས་འབྲིང་ཆུང་། ཁེར་གཉེར་ཚོང་བ་སོགས་ཁེ་ལས་ཡིན་ལ། གཙོ་བོར་མི་བཀོལ་སྡེ་ཁག་དང་ཞིང་བ་ཞོར་ལས་པའི་བར་ངལ་རྩོལ་གན་རྒྱ་འཇོག་པའི་གནས་ཚུལ་དང་། འཛུགས་སྐྲུན་བཟོ་སྐྲུན་ལས་གཞི་ཐད་ནས་ཟླ་ཕོགས་འགན་སྲུང་དངུལ་དང་ཞིང་བ་ཞོར་ལས་པའི་དངོས་མིང་ལམ་ལུགས་དོ་དམ། ཞིང་བ་ཞོར་ལས་པའི་ཟླ་ཕོགས་ཆེད་སྤྱོད་རྩིས་ཚན་སོགས་ལམ་ལུགས་བྱེད་ཐབས་བཀོལ་སྤྱོད་བྱེད་པའི་གནས་ཚུལ། ཟླ་ཕོགས་ཆད་ལུས་བྱེད་པའི་གྱོད་གཞི་ལ་བརྟག་བཤེར་དང་ཐག་གཅོད་བྱས་པའི་གནས་ཚུལ་དང་ཁྲིམས་ལྟར་ཟླ་ཕོགས་མི་སྟེར་བའི་ཉེས་སྤྱོད་ལ་རྡུང་རྡེག་བྱེད་པའི་གནས་ཚུལ། ཟླ་ཕོགས་ཆད་ལུས་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཆད་གཅོད་བྱེད་པའི་གནས་ཚུལ་བཅས་ལ་ཞིབ་བཤེར་བྱེད་རྒྱུ་རེད།