2015ལོ་ནས་ད་བར་དུ་མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་དམངས་ཀྱི་ངལ་རྩོལ་ཡོང་སྒོ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་དགུ་དུང་ཕྱུར་ལྔར་བསླེབས།
2017.12.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ཧུར་ཐག་གིས་ངལ་རྩོལ་པ་ཞོར་ལས་སུ་མངགས་པའི་ལས་ཞུགས་ལམ་བུ་རྒྱ་བསྐྱེད་པ་དང་། ལས་ཞུགས་དབུལ་སྐྱོར་བྱ་བ་སྤེལ་ནས། ཞོར་ལས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་ཞོར་ལས་ཚོང་རྟགས་མིང་གྲགས་ཅན་འཛུགས་སྐྲུན་བྱེད་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། 2015ལོ་ནས་ད་བར་དུ། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་བསྡོམས་པས་ས་ཡ་གསུམ་དང་འབུམ་བཞི་ཁྲི་བཞི་ཞོར་ལས་སུ་མངགས་པ་དང་། ངལ་རྩོལ་ཡོང་སྒོ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་དགུ་དུང་ཕྱུར་ལྔ་རུ་བསླེབས་ལ། མི་རེའི་ཆ་སྙོམས་ཀྱི་ལོ་རེའི་ཡོང་སྒོ་སྒོར་སྟོང་ལྔ་དང་དྲུག་བརྒྱ་དོན་ལྔ་ལྷག་ལ་བསླེབས་པ་དང་། ཞོར་ལས་དཔལ་འབྱོར་དེ་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་ཐབས་ལམ་གཙོ་བོ་དང་བྱེད་ཐབས་གལ་ཆེན་དུ་གྱུར་།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་རང་ས་ཆའི་མི་གཞུང་སྲོལ་རྒྱུན་དགེ་མཚན་ལ་བརྟེན་ནས། དཔའ་ལུང་གི་འཐེན་ཐུག་དང་ལི་ཏུའུ་ཡི་མཐོ་སྒང་གློག་འཛུགས་སོགས་ཕྱིར་གཏོང་རང་བཞིན་གྱི་སྲོལ་རྒྱུན་ཞོར་ལས་ཚོང་རྟགས་གསར་སྐྲུན་བྱས་པ་མ་ཟད། མཚོ་སྔོན་ཞིང་ཆེན་རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་ཞིང་ཆེན་གཞན་དུ་ཞོར་ལས་ལ་འགྲོ་བར་སྣེ་ཁྲིད་བྱེད་པའི་སྟོབས་ཤུགས་གཙོ་བོར་གྱུར། ལྷག་པར་དུ་འཐེན་ཐུག་དཔལ་འབྱོར་གྱི་ལས་ཞུགས་ལས་སྐྲུན་ཐད་ཀྱི་དཔེ་མཚོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། སྲིད་ཇུས་བཏོན་ནས་མྱུར་དུ་མཚོ་སྔོན་གྱི་འཐེན་ཐུག་དཔལ་འབྱོར་ཇེ་རྒྱས་ཇེ་ལེགས་དང་རིམ་པ་ཇེ་མཐོར་བཏང་།

ཞིང་སྡེའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་དང་། ལས་གཞིའི་མ་དངུལ་རྒྱབ་སྐྱོར། ལས་རིགས་མཐུན་ཚོགས་འཛུགས་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། རྒྱ་ཆེའི་རོང་འབྲོག་ཁུལ་གྱི་མང་ཚོགས་ཀྱིས་ས་ཁོངས་དགེ་མཚན་དང་རིག་གནས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས་གསར་སྐྲུན་ལས་སྐྲུན་བྱེད་པར་སྣེ་ཁྲིད་དང་རོགས་རམ་བྱས་པ་དང་། མིག་སྔར། ཏ་ཐུང་སྐྱེ་ཁམས་གནས་སྐོར་དང་རྨ་ལྷོ་རེབ་གོང་སྒྱུ་རྩལ་སོགས་འཐུས་ཚབ་ཏུ་བྱས་པའི་སྐྱེ་ཁམས་གནས་སྐོར་དང་རིག་གནས་གནས་སྐོར། སྒྱུ་རྩལ་ཐོན་རྫས་ལས་སྣོན་དང་ལས་བཟོ་དེ་མཚོ་སྔོན་ཞིང་ཆེན་རོང་འབྲོག་ཁུལ་གྱི་ངལ་རྩོལ་པས་རང་ས་ཆ་དང་ཉེ་ས་ནས་ལས་ཞུགས་བྱེད་པའི་ནང་སྣོན་རང་བཞིན་གྱི་ཞོར་ལས་ཚོང་རྟགས་སུ་གྱུར་བ་མ་ཟད། ཕྱུག་བསྒྱུར་དང་ཡོང་སྒོ་འཕར་བར་བྱེད་པའི་གྲུབ་འབྲས་ཧ་ཅང་མངོན་གསལ་རེད།

མཚོ་སྔོན་ཞིང་ཆེན་ནང་ཁུལ་ནས་ས་ཁུལ་གཞན་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བར་དུ་ངལ་རྩོལ་པའི་སྦྲེལ་མཐུད་སྟེགས་བུ་བཙུགས་ཏེ། རང་ས་གནས་ཀྱི་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་རྩ་འཛུགས་བྱས་ནས་མཚོ་ནུབ་ཁུལ་དུ་འཕང་འབྲས་འཐོག་པར་འགྲོ་རུ་བཅུག་ལ། ད་ལོར་མཚོ་ནུབ་ཁུལ་གྱི་འཕང་འབྲས་འཐོག་པའི་སྐབས་སུ་ཞིང་ཆེན་ཕྱི་ནང་གི་ངལ་རྩོལ་པ་ཁྲི་དགུ་དང་སྟོང་གཅིག་བསྡུ་ལེན་བྱས་ཏེ། ངལ་རྩོལ་ཡོང་སྒོ་སྒོར་དུང་ཕྱུར་དྲུག་དང་ས་ཡ་དྲུག་ཏུ་བསླེབས་པ་དང་། མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་སྟོང་དྲུག་བདུན་བརྒྱུ་རུ་བསླེབས་ནས། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཞོར་ལས་སུ་སོང་ནས་ལས་ཞུགས་བྱེད་པའི་ཐད་སྣེ་ཁྲིད་ཀྱི་ནུས་པ་བཏོན།