མཚོ་སྔོན་ཞིང་ཆེན་བཟོ་ཚོང་ཅུའུ་ཡིས་སློབ་ཆེན་སློབ་མའི་ལས་སྐྲུན་དཔེར་མཚོན་བྱས་རྗེས་ཀྱི་སྙན་ཞུ་ཚོགས་འདུ་བསྡུས།
2017.12.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཟབ་ནན་གྱིས་ལག་ལེན་མཐར་ཕྱིན་བྱེད་པ་དང་རྒྱུན་མཐུད་དེ་ཚོང་དོན་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ཚང་མས་ལས་སྐྲུན་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ། སློབ་ཆེན་སློབ་མའི་ལས་སྐྲུན་སྙིང་སྟོབས་སྐུལ་སློང་བྱེད་ཆེད། ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན། ལས་སྐྲུན་སེམས་ཤུགས་སྐུལ་སློང་བྱས་ཏེ་མི་ཚེའི་ཕུགས་འདུན་འགྲུབ་པར་བྱེད་ཅེས་པ་བརྗོད་གཞི་ཡིན་པའི་སློབ་ཆེན་སློབ་མའི་ལས་སྐྲུན་དཔེར་མཚོན་བྱས་རྗེས་ཀྱི་སྙན་ཞུ་ཚོགས་འདུ་མཚོ་སྔོན་མི་རིགས་སློབ་ཆེན་དུ་བསྡུས།

ཐེངས་འདིའི་སྙན་ཞུ་ཚོགས་འདུ་ནི་ཞིང་ཆེན་བཟོ་ཚོང་ཅུའུ་དང་ཞིང་ཆེན་སྒེར་གཉེར་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རང་བདག་ལས་སྐྲུན་ལེགས་གྲུབ་བྱུང་ཡོད་པའི་ན་གཞོན་བདུན་གདན་འདྲེན་ཞུས་ཏེ་རང་སྟེང་གི་ལས་སྐྲུན་བརྒྱུད་རིམ་དང་ལས་སྐྲུན་མཉམ་མྱོང་། ལས་སྐྲུན་མྱོང་ཚོར་སོགས་དང་ཟུང་འབྲེལ་བྱས་ནས་ལས་སྐྲུན་གཏམ་རྒྱུད་བཤད་པ་དང་སློབ་ཆེན་སློབ་མ་ཚོར་སྔོན་ཐོན་དཔེ་གཞི་མིག་དཔེར་བཟུང་སྟེ་ཡང་དག་པའི་ལས་སྐྲུན་ལྟ་བ་འཛུགས་པ་དང་ལས་སྐྲུན་གསོན་ཤུགས་བསྐྱེད་པར་སྐུལ་མ་བཏང་། སྙན་ཞུ་ཚོགས་པའི་ཁོངས་མིས་ད་རུང་སློབ་ཆེན་སློབ་མས་ལས་སྐྲུན་གྱི་གོམ་པ་དང་པོ་ཇི་ལྟར་སྤོ་དགོས་པ་དང་རང་སྟེང་གི་རིན་ཐང་ཇི་ལྟར་མངོན་འགྱུར་བྱེད་པ། ལས་སྐྲུན་ཁྲོད་རང་གི་ནུས་པར་ཇི་ལྟར་སྦྱོང་བརྡར་བྱེད་པ་སོགས་ཀྱི་ཐད་ནས་སློབ་ཆེན་སློབ་མ་ཚོ་དང་མཉམ་དུ་ཡུལ་དངོས་ནས་བརྗེ་རེས་བྱས།

ཞིང་ཆེན་བཟོ་ཚོང་ཅུའུ་དང་ཞིང་ཆེན་སྒེར་གཉེར་མཐུན་ཚོགས་ད་རུང་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་སོང་ནས། སློབ་ཆེན་སློབ་མའི་ལས་སྐྲུན་དཔེར་མཚོན་བྱས་རྗེས་ཀྱི་སྙན་ཞུ་ཚོགས་འདུ་ཐེངས་གཉིས་པ་བསྡུས་ཏེ་སློབ་ཆེན་སློབ་མ་ཚོས་ལས་སྐྲུན་ཐད་ཀྱི་ཤེས་བྱར་རྒྱུས་ལོན་བྱེད་པ་དང་ལས་སྐྲུན་གྱི་འདུ་ཤེས་འཛུགས་པ། ལས་སྐྲུན་ཡིད་ཆེས་མཐོར་འདེགས་གཏོང་བར་རོགས་སྐྱོར་བྱེད་རྒྱུ་རེད།