ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་མཁར་གྲོང་གི་འཚོ་བར་དཀའ་ཁག་ཡོད་པའི་མང་ཚོགས་དག་ལ་ལུགས་རྙིང་དང་ལུགས་གསར་ལོ་སར་སྐབས་སུ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་ལྔ་སྟེར་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། སྔར་ལས་ལྷག་པའི་སྒོ་ནས་མཁར་གྲོང་གི་འཚོ་བར་དཀའ་ཁག་ཡོད་པའི་མང་ཚོགས་དག་གི་གཞི་རྩའི་འཚོ་བའི་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་པ་དང་ཞིང་ཆེན་ཡོངས་ཀྱི་འཚོ་བར་དཀའ་ཁག་ཡོད་པའི་མང་ཚོགས་དག་གིས་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་བྱེད་ཆེད། ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་བཀོད་པ་བརྒྱུད། ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ནོར་སྲིན་གཉིས་ཀྱིས་མཉམ་འབྲེལ་སྒོས་བརྡ་ཐོ་བཏང་སྟེ་ལུགས་རྙིང་ལོ་གསར་དང་ལུགས་གསར་ལོ་གསར་སྐབས་སུ་མཁར་གྲོང་གི་འཚོ་བར་དཀའ་ཁག་ཡོད་པའི་མང་ཚོགས་དག་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་དངུལ་སྟེར་རྒྱུ་ཐག་བཅད། བྱེ་བྲག་གི་འཚོ་བའི་ཁ་གསབ་དངུལ་སྟེར་ཡུལ་དང་ཚད་གཞི་ནི། མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་ལ་མི་རེར་སྒོར་བཞི་བརྒྱ་དང་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་དང་ཧ་ཅང་དབུལ་ཕོངས་ཡིན་པའི་མི་སྣར་མི་རེར་སྒོར་སུམ་བརྒྱ། རྒྱལ་ཁབ་ཀྱི་གཟིགས་སྐྱོང་རོགས་སྐྱོར་ལོངས་སྤྱོད་བྱེད་བཞིན་པའི་གཟིགས་སྐྱོང་བྱ་ཡུལ་གཙོ་བོ་དང་རྒྱལ་ཁབ་མ་བཙུགས་སྔོན་གྱི་ཏང་ཡོན་རྒན་པར་མི་རེར་སྒོར་བཞི་བརྒྱ་དང་དྲུག་ཅུ་སྟེར་རྒྱུ་རེད།
ཞིང་ཆེན་དམངས་སྲིད་ཐིན་དང་ནོར་སྲིད་ཐིན་གྱིས་ས་ཁུལ་སོ་སོས་དུས་ཆེན་གཉིས་སྐབས་ཀྱི་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་དངུལ་སྟེར་བའི་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ་གཟབ་ནན་གྱིས་བྱ་བའི་ཇུས་གཞི་བཟོ་བ་དང་དུས་ཆེན་གཉིས་སྐབས་ཀྱི་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་མ་དངུལ་དུས་ཐོག་ཏུ་འཚོ་བར་དཀའ་ཁག་ཡོད་པའི་མང་ཚོགས་དག་གི་ལག་ཏུ་འབྱོར་བར་བྱེད་དགོས་པའི་རེ་བ་བཏོན།