མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་རྒྱལ་ཡོངས་ཀྱི་སྐོར་དང་པོའི་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟའི་དཔེ་སྟོན་ཁུལ་དུ་བདམས།
2017.12.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་རྒྱལ་ཡོངས་ཀྱི་སྐོར་དང་པོའི་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟའི་དཔེ་སྟོན་ཁུལ་དུ་བདམས། ཚོད་ལྟའི་དཔེ་སྟོན་ཁུལ་འདི་ཞིང་ལས་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཚན་རྩལ་པུའུ། ནོར་སྲིད་པུའུ། རྒྱལ་ཁོངས་ཐོན་ཁུངས་པུའུ། ཁོར་ཡུག་སྲུང་སྐྱོབ་པུའུ། ཆུ་བེད་པུའུ། རྒྱལ་ཁབ་ནགས་ལས་ཅུའུ་སོགས་པུའུ་དང་ཨུ་ཡོན་ལྷན་ཁང་བརྒྱད་ཀྱིས་མཉམ་དུ་སྒྲུབ་པ་དང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་། ཆུའུ་བཞི་བཅུ་ལྷག་རྒྱལ་ཁབ་ཀྱི་སྐོར་དང་པོའི་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟའི་དཔེ་སྟོན་ཁུལ་དུ་བདམས།

རྒྱལ་ཡོངས་ཀྱི་སྐོར་དང་པོའི་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་ནི་ཉིས་སྟོང་ཉི་ཤུ་ལོའི་བར་དུ་ཚོད་ལྟའི་དཔེ་སྟོན་ཁུལ་གྱི་ཞིང་ལས་ཐོན་ལས་ཀྱི་རྣམ་པ་དང་ཐོན་ཁུངས་ཁོར་ཡུག་གི་ཐེག་ཚད་རིམ་བཞིན་སྙོམ་སྒྲིག་བྱེད་པ་དང་ཞིང་ལས་འཕེལ་རྒྱས་གཏོང་བའི་བྱེད་ཐབས་བསྒྱུར་ཏེ་དགེ་མཚན་ལྡན་པའི་འཕེལ་རྒྱས་གྲུབ་འབྲས་ལོན་པར་བྱེད་པ། ཞིང་ལས་ཐོན་ཁུངས་སྲུང་སྐྱོབ་ཆུ་ཚད་དང་བཀོལ་སྤྱོད་ཕན་ནུས་རིམ་བཞིན་མཐོར་འདེགས་གཏོང་བ། ཞིང་ལས་ཁོར་ཡུག་ཐད་ཀྱི་འབུར་ཐོན་གནད་དོན་བཅོས་སྐྱོང་བྱེད་པའི་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལེན་པ། སྐྱེ་ཁམས་མ་ལག་གི་ནུས་པ་རིམ་བཞིན་མཐོར་འདེགས་གཏོང་བ། ཞིང་སྡེའི་ཁོར་ཡུག་མངོན་གསལ་གྱིས་ལེགས་བཅོས་བྱེད་པ་སོགས་ཀྱི་ཆེད་དུ་ཡིན། ཉིས་སྟོང་སུམ་ཅུ་ལོའི་བར། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཐོན་ཁུངས་བཀོལ་སྤྱོད་ཀྱི་ཕན་ནུས་མཐོ་བ་དང་ཐོན་ཡུལ་ཁོར་ཡུག་བཟང་བ། སྐྱེ་ཁམས་མ་ལག་བརྟན་འཇགས་ཡིན་པ། ཞིང་བའི་འཚོ་བ་འབྱོར་ཕྱུག་ལྡན་པ། ཞིང་སྡེའི་ཡུལ་ལྗོངས་མཛེས་སྡུག་ལྡན་པ་སོགས་ཀྱི་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་བྱེད་རྒྱུ་རེད།