མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་ལས་ཞུགས་མི་སྣའི་གྲངས་ཀ་ཁྲི་དྲུག་ལས་བརྒལ།
2017.12.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་ལས་ཞུགས་སྲིད་ཇུས་བཟང་བོ་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད་དེ། ད་ལོའི་ཟླ་བཅུ་གཅིག་པའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་ལས་ཞུགས་མི་སྣ་ཁྲི་དྲུག་དང་སུམ་བརྒྱར་བསླེབས་ནས། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་བརྒྱ་དང་གྲངས་ཆུང་དྲུག་ཡོངས་འགྲུབ་བྱས་ལ།། གྲོང་གསེབ་ཀྱི་ལས་ཤོར་མི་སྣ་ཁྲི་གཉིས་ཡང་བསྐྱར་ལས་ཞུགས་བྱས་པ་དང་། དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་བརྒྱ་དང་གྲངས་ཆུང་བཞི་ཡོངས་འགྲུབ་བྱས། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་ལྷག་མ་ས་ཡ་གཅིག་དང་ཁྲི་དྲུག་སྟོང་བརྒྱད་ཞོར་ལས་ལ་མངགས་ཏེ། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་བརྒྱ་དང་གཅིག་ལྷག་ཡོངས་འགྲུབ་བྱས་པ་དང་། གྲོང་གསེབ་ཀྱི་ཐོ་འགོད་བྱས་པའི་ལས་ཤོར་ཚད་བརྒྱ་ཆའི་གསུམ་ལྷག་ཡིན་ལ། བརྒྱ་ཆའི་གསུམ་དང་གྲངས་ཆུང་ལྔའི་ནང་ཚོད་འཛིན་བྱས་ཡོད།

སྤྱི་ཁོག་ནས་བལྟས་ཡོང་ན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་ཐད་ཀྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས་པ་ཧ་ཅང་བཟང་ལ། ལས་ཞུགས་གནས་བབ་ཅུང་གཏན་འཇགས་ཡིན། ཚོད་དཔག་ལྟར་ན། ལོ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་གྲོབ་གསེབ་ཀྱི་ལས་ཞུགས་མི་སྣ་ཁྲི་དྲུག་དང་སྟོང་གཅིག་ལ་བསླེབ་ངེས་ལ། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་བརྒྱ་དང་གཅིག་ལྷག་ཡོངས་འགྲུབ་བྱེད་ཐུབ་པ་དང་། ཕྱིར་ཞོར་ལས་ལ་སོང་བའི་རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་ལྷག་མ་ས་ཡ་གཅིག་དང་ཁྲི་བརྒྱད་ལ་བསླེབ་ནས། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་བརྒྱ་དང་གཉིས་ལྷག་ཡོངས་འགྲུབ་བྱེད་རྒྱུ་རེད།