ཉེ་ཆར། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་རབ་རྒྱན་ས་ཕོ་ཁྱི་ལོའི་ལོ་སར་དགོང་ཚོགས«དུས་རབས་གསར་བའི་དཔྱིད་དཔལ»ཞེས་པའི་འཁྲབ་སྦྱོང་གི་རིམ་པ་དངོས་སུ་མཇུག་སྒྲིལ་ཞིང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་རྣ་བྷ་གཙོ་བྱས་པའི་འབྲེལ་ཡོད་མགོ་ཁྲིད་དག་གིས་བྱ་བའི་མགོ་མཇུག་བར་གསུམ་ལ་མཛུབ་སྟོན་དང་སྣེ་ཁྲིད་ལེགས་པོ་བྱས་ཏེ། གར་སྟེགས་ཇུས་འགོད་དང་གློག་འོད་སྙོམ་སྒྲིག་སོགས་བྱ་བའི་ལས་རིམ་མཐའ་དག་ཡོངས་སུ་གྲུབ་ཡོད་པ་མ་ཟད། བསྟུད་མར་ཉིན་འགའ་ལ་ཡང་དང་བསྐྱར་དུ་འཁྲབ་སྦྱོང་བྱས་པ་བརྒྱུད། ད་ལོའི་ལོ་སར་དགོང་ཚོགས་ལེགས་འགྲུབ་ཡོང་རྒྱུར་འགན་ལེན་དང་ཁག་ཐེག་བྱས་ཡོད།
ད་ལོའི་ལོ་སར་དགོང་ཚོགས་ལ་མཚོན་ན། ལོ་སྔོན་མ་ནང་བཞིན་བོད་མདོ་དབུས་ཁམས་གསུམ་ནས་སླེབས་པའི་བོད་ཀྱི་གཞས་པ་གཞས་མ་མང་པོ་ཞིག་གར་སྟེགས་གཅིག་ཏུ་འཛོམས་ནས་རྒྱ་ཆེའི་ལྟད་མོ་བ་རྣམས་ལ་ལེགས་སྐྱེས་གྱ་ནོམ་པ་ཞིག་བསྩལ་ཡོད་ཅིང་། རིག་རྩལ་གྱི་རྣམ་གྲངས་ལའང་དེང་གཞས་དང་རྡུང་ལེན། ཞབས་བྲོ་སོགས་ལས་གཞན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ། མཚོ་ཤར་གྲོང་ཁྱེར་དང་དཔའ་རིས་བོད་རིགས་རང་སྐྱོང་རྫོང་བཅས་ཁུལ་བརྒྱད་དང་གྲོང་ཁྱེར་གཅིག རྫོང་གཅིག་གི་གླུ་གར་ཚོགས་པས་རང་རང་སོ་སོའི་ངོས་ནས་ཞབས་བྲོ་དང་རྩེད་རིག་སོགས་རིག་རྩལ་གྱི་ལེགས་སྐྱེས་ཕུན་སུམ་ཚོགས་པ་བསྣམས་ཏེ། བོད་རིགས་སྤུན་ཟླ་ཡོངས་ཀྱི་སྤྱན་ལམ་དུ་བསྟར་རྒྱུ་ཡིན་པས། ལོ་སར་དགོང་ཚོགས་སྔར་ལས་ལྷག་པའི་སྒོ་ནས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།
ད་ལོའི་ལོ་སར་དགོང་ཚོགས་ལ་ནང་དོན་དང་རྣམ་པ་སོགས་ཕྱོགས་གང་ཐད་ནས་ཐོད་བརྒལ་དང་འཕེལ་རྒྱས་གསར་བ་ཡོད་པ་དང་། ལྟད་མོ་བ་ཀུན་ལ་དམིགས་ནས་ལོ་རེ་བཞིན་ཡར་རྒྱས་གོང་འཕེལ་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བཞིན་ཡོད་པས། བོད་རིགས་མང་ཚོགས་རྣམས་ཀྱི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་ངེས་ལ། མིག་གི་དགའ་སྟོན་དང་རྣ་བའི་གསོས་སུའང་འགྱུར་ངེས་པ་གདོན་མི་ཟ།
2017ལོའི་ཟླ12པའི་ཚེས16ཉིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་བོད་རབ་རྒྱན་ས་ཕོ་ཁྱི་ལོའི་ལོ་སར་དགོང་ཚོགས«དུས་རབས་གསར་བའི་དཔྱིད་དཔལ»ཞེས་པ་དངོས་སུ་ཕབ་སྐྲུན་བྱ་རྒྱུ་རེད།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་རྣ་བྷ་དང་འཁྲབ་ཁྲིད་པ་སོགས་ཀྱིས་འཁྲབ་སྦྱོང་གི་གོ་རིམ་ལ་གཟིགས་བཞིན་པ།
བོད་ལྗོངས་ཀྱི་འཁྲབ་སྟོན་པ་ཟི་ལིང་དུ་འབྱོར་བ།
ཡུལ་དངོས་སུ་མདོ་འཛིན་བྱ་བར་གྲོས་ཁ་སྡུར་བཞིན་པ།
འཁྲབ་སྦྱོང་ཡུལ་དངོས།
འཁྲབ་སྦྱོང་ཡུལ་དངོས།
འཁྲབ་སྦྱོང་ཡུལ་དངོས།
འཁྲབ་སྦྱོང་ཡུལ་དངོས།
འཁྲབ་སྦྱོང་ཡུལ་དངོས།
གསར་འགོད་པ། ལྕགས་ཐར་ཚེ་རིང་། དབང་རྒྱལ་ཚེ་རིང་། ཐུབ་བསྟན།