མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་རབ་རྒྱན་ས་ཕོ་ཁྱི་ལོའི་ལོ་སར་དགོང་ཚོགས«དུས་རབས་གསར་བའི་དཔྱིད་དཔལ»ཞེས་པའི་ཕབ་སྐྲུན་བྱ་བ་བདེ་བླག་ངང་མཇུག་སྒྲིལ།
2017.12.16 ཁུངས། ཀློག་གྲངས། 6

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་སྒྲུབ་པའི་བོད་རབ་རྒྱན་ས་ཕོ་ཁྱི་ལོའི་ལོ་སར་དགོང་ཚོགས«དུས་རབས་གསར་བའི་དཔྱིད་དཔལ»ཞེས་པ་དུས་ཡུན་རིང་བོའི་རྩ་འཛུགས་དང་གྲ་སྒྲིག་བྱས་པ་བརྒྱུད། ཟླ༡༢པའི་ཚེས༡༦ཉིན་གྱི་དགོང་མོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་ཕབ་སྐྲུན་ལེགས་འགྲུབ་བྱུང་།

IMG_0542.jpg

ཐེངས་འདིའི་དགོང་ཚོགས་སྟེང་ཕེབས་པའི་ཞིང་ཆེན་རིམ་པའི་འགོ་ཁྲིད་ལྷན་རྒྱས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་གཞོན་པ་ངག་དབང་བསོད་ནམས། གཞན་ད་དུང་ཞིང་ཆེན་དང་གྲོང་ཁྱེར། ཁུལ་དང་རྫོང་རིམ་པའི་འབྲེལ་ཡོད་འགོ་ཁྲིད་དང་མང་ཚོགས་སོགས་ཀྱིས་མཉམ་གཅིག་ཏུ་དགོང་ཚོགས་ལ་བལྟས།

ད་ལོའི་ལོ་སར་དགོང་ཚོགས་ལ་མཚོན་ན“བདེ་སྐྱིད་དང་མཐུན་སྒྲིལ། འཆམ་མཐུན། མདུན་སྐྱོད”བཅས་བརྗོད་གཞི་ཡིན་པའི་སྟེང་ནས་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་གླུ་གཞས་དང་ཞབས་བྲོ། ཟློས་གར། རྡུང་ལེན་སོགས་སྣ་མང་སྒྱུ་རྩལ་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་བོད་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཕྱོགས་གང་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པར་བསྟོད་བསྔགས་བྱས་ཤིང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་བསམ་བློའི་དགོངས་དོན་གྱི་སྣེ་ཁྲིད་འོག བོད་ཁུལ་གྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་དཀའ་སྤྱད་འབད་བརྩོན་གྱིས་དུས་རབས་གསར་བར་བསྐྱོད་པ་དང་། བབ་བསྟུན་མདུན་སྐྱོད་ཀྱིས་ལམ་ཕྱོགས་གསར་བར་བསྐྱོད་པའི་སྙིང་སྟོབས་མཚོན་པར་བྱས་ཡོད།

ལོ་སར་དགོང་ཚོགས«དུས་རབས་གསར་བའི་དཔྱིད་དཔལ»ཞེས་པ་ནི་རྒྱལ་ཡོངས་ཀྱི་མི་རིགས་སོ་སོས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་བྱེད་པའི་རླབས་རྒྱུན་ཁྲོད་སྒྲུབ་པའི་རིག་རྩལ་སྤྲོ་ཚོགས་ཤིག་ཡིན་པ་དང་། སྤྲོ་ཚོགས་འདིས་བོད་ཁུལ་གྱི་ས་གནས་སོ་སོར་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་བྱེད་པར་སྤྱི་ཚོགས་ཁོར་ཡུག་གི་ཐད་ནས་ཕན་ནུས་ཆེན་པོ་ཐོན་ཡོད། དེ་མིན་ད་ལོའི་ལོ་སར་དགོང་ཚོགས་འདིར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ཏེ་སེམས་ཞིབ་མོས་དགོང་ཚོགས་ཀྱི་བརྗོད་དོན་དང་རྣམ་པ་སོགས་འཆར་འགོད་བྱས་ཤིང་། ནན་ཏན་སྒོས་བྱ་བའི་ཇུས་གཞི་གཏན་འབེབས་བྱས་པ་དང་། ཐེ་ཀྲང་གཞོན་པ་རྣ་བྷ་དངོས་སུ་བྱ་བའི་མགོ་མཇུག་བར་གསུམ་དུ་ཟབ་ཞུགས་བྱས་ཏེ་བརྩམས་ཆོས་ལེགས་གྲས་གདམ་གསེས་དང་ཞིབ་བཤེར་སོགས་འབྲེལ་ཡོད་བྱ་བ་ལེགས་པོར་བསྒྲུབས། ལོ་ཕྱེད་ལྷག་གི་དུས་ཡུན་བརྒྱུད། འཁྲབ་ཁྲིད་ཚན་ཆུང་གིས་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་ནས་བསྡོམས་པས་བརྩམས་ཆོས༢༠༠ལྷག་བསྡུ་རུབ་བྱས་པ་དང་། དེའི་ཁྲོད་མི་རིགས་ཀྱི་རྩམ་དྲི་མ་ཡལ་ཞིང་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་བརྩམས་ཆོས་རྩེ་གྲས༢༥བདམས་ཐོན་བྱུང་བ་རེད། དེ་ལས་གཞན་དེའི་རྨང་གཞིའི་སྟེང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ། མཚོ་ཤར་གྲོང་ཁྱེར། ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་བཅས་བསྡོམས་པས་རང་སྐྱོང་ཁུལ་བརྒྱད་དང་གྲོང་ཁྱེར་གཅིག རྗོང་གཅིག་བཅས་ཀྱི་གླུ་གར་ཚོགས་པ་ཆེད་ཞུ་བྱས་ཡོད་པས། དགོང་ཚོགས་ཀྱི་རྒྱུ་སྤུས་དང་ཆུ་ཚད་ལ་འགན་ལེན་དང་ཁག་ཐེག་གང་ལེགས་བྱས་ཡོད་ལ། ལོ་སར་དགོང་ཚོགས་སྟེང་བསྡོམས་པས་འཁྲབ་སྟོན་པ༥༠༠དང་འཁྲབ་ཡུན་ལ་དུས་ཚོད་གཉིས་དང་ཕྱེད་ཀ་ཡོད་པ་རེད།

དགོང་ཚོགས་སྟེང«དཔྱིད་དཔལ་གསར་བའི་རེ་སྨོན»ཞེས་པའི་ཞབས་བྲོའི་སྟངས་སྟབས་དང་བསྟུན་ནས་དགོང་ཚོགས་ཀྱི་ཡོལ་བ་ག་ལེར་ཕྱེས་ཤིང་། དེར་མཐུད་ནས་བོད་ལྗོངས་དང་སི་ཁྲོན། ཀན་སུའུ། ཡུན་ནན། མཚོ་སྔོན། པེ་ཅིང་སོགས་ནས་ཐོན་པའི་བོད་ཀྱི་གཞས་པ་གཞས་མ་རྣམས་དང་འཁྲབ་སྟོན་པ་དག་གིས་དེང་གཞས་དང་ཞབས་བྲོ། རྡུང་ལེན། རྣམ་ཐར། རྩེད་རིག དམངས་གླུ་སོགས་རིག་རྩལ་གྱི་འཁྲབ་སྟོན་གྱ་ནོམ་པ་རྒྱ་ཆེའི་ལྟད་མོ་བའི་མིག་མདུན་དུ་བསྟར་བྱུང་སྟེ། ན་ཆུང་གཞས་པ་ཚེ་རིང་དཔལ་འབར་དང་གཞས་མ་གྲགས་ཅན་རིག་འཛིན་སྒྲོལ་མ། ཀུན་གྱིས་དགའ་བསུ་ཐོབ་པའི་གཞས་མ་ཚེ་དབང་ལྷ་མོ། དེ་མིན་བོད་ལྗོངས་ཀྱི་གཞས་མ་གྲགས་ཅན་ཚེ་རིང་གཡང་འཛོམས་དང་བསྟན་འཛིན་སོགས་ཀྱིས་ཡིད་དབང་འགུགས་པའི་གླུ་གཞས་བླངས་ཏེ། དགོང་ཚོགས་ལ་རོལ་བཞིན་པའི་ལྟད་མོ་བ་ཀུན་གྱི་མིག་དབང་ཅིག་ཅར་དུ་འཕྲོག་པར་བྱས། དེར་མཐུན་ནས་སྐར་འོད་ལམ་ཆེན་གྱི་གར་སྟེགས་སུ་ལོ་འཁོར་ཧྲིལ་བོའི་བྱ་དགའ་ཨང་དང་པོ་བླངས་མྱོང་བའི་གཞས་པ་གྲགས་ཅན་དཀོན་མཆོག་ཚེ་རིང་གི«མཐོ་སྒང་གི་རྨི་ལམ»དང་མདོ་ཁམས་ཡུལ་གྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་དྲུག་པའི་སྟེང་བྱ་དགའི་གཟེངས་རྟགས་བླངས་པའི་རྡུང་ལེན་པ་སྐོར་ཞིག་གིས་བླངས་པའི་རྡུང་ལེན་བསྟུད་ལེན། ད་དུང་རྒྱལ་ཡོངས་ན་སྐད་གྲགས་ཡོད་པའི་བོད་ཀྱི་གཞས་མ་འཇམ་དབྱངས་སྒྲོལ་མའི«གླུ་སྒྲ་དང་འཛུམ་མདངས»བཅས་གླུ་གཞས་སྙན་མོ་དག་རིམ་པ་བཞིན་བླངས་པས། ལྟད་མོ་བ་རྣམས་ཀྱི་དགའ་སྤྲོའི་ཐལ་སྒྲ་མཚམས་མ་ཆད་པར་བྱས་པ་དང་། ཡིད་ཀྱི་བརྟན་པ་དབང་མེད་དུ་བཀུགས་པས་དགོང་ཚོགས་ཀྱི་འཁྲབ་སྟོན་མཐོ་རླབས་སུ་བསྐྱོད་པར་བྱས། དེ་ལས་གཞན་འཁྲབ་ཚན་ནང་དོན་གྱི་ཆ་ནས་ཀྱང་ན་ཆུང་དགའ་བའི་གར་གྱི་སྟངས་སྟབས་དང་། གཞོན་པ་དུངས་པའི་ངག་གི་འགྱུར་ཁུགས། རྒན་པ་ཞེན་པའི་དམངས་ཁྲོད་ཀྱི་རྩེད་རིག་སོགས་སྣ་ཁ་ཧ་ཅང་མང་པོ་ཞིག་འཛོམས་ཡོད་པས་ན། བོད་རབ་རྒྱན་ས་ཕོ་ཁྱིའི་ལོའི་ལོ་སར་སྐབས་སུ་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ལ་ལོ་སར་གྱི་ལེགས་སྐྱེས་ཕུན་སུམ་ཚོགས་པ་ཞིག་དབུལ་རྩིས་ཡོད་དོ།།

ད་ལོའི་ལོ་སར་དགོང་ཚོགས«དུས་རབས་གསར་བའི་དཔྱིད་དཔལ»ཞེས་པ༢༠༡༨ལོའི་བོད་ལུགས་ལོ་སར་སྐབས་སུ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མཚོ་སྔོན་བོད་སྐད་རླུང་འཕྲིན་དང་། ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ནས་དུས་མཉམ་དུ་གཏང་རྒྱུ་རེད།

\"\"

མདོ་དབུས་ཁམས་གསུམ་ནས་སླེབས་པའི་ལོ་སར་དགོང་ཚོགས་ཀྱི་མདོ་འཛིན་པ་ལྷན་རྒྱས།

IMG_0603.jpg

སྐད་གྲགས་ཅན་གྱི་གླུ་མ་འཇམ་དབྱངས་སྒྲོལ་མས་སྙན་གཞས་ངག་ལ་འགུག་བཞིན་པ།

\"\"

མཚོ་བྱང་ཁུལ་གླུ་གར་ཚོགས་པས་གནམ་ལོ་གསར་ཚེས་ལ་ཕུལ་བའི་ལེགས་སྐྱེས།

\"\"

ཡུན་ནན་ནས་ཕེབས་པའི་སམ་བྷོ་ཊ་ཚན་སྡེབ་ཀྱིས་གླུ་གཞས་གཏོང་བཞིན་པ།

\"\"

གཞས་པ་གྲགས་ཅན་ཚེ་མགོན་གྱིས་གླུ་གཞས་གཏོང་བཞིན་པའི་ཚུལ།

\"\"

མཚོ་ཤར་གྲོང་ཁྱེར་གྱིས་གནམ་ལོ་གསར་ཚེས་ལ་ཕུལ་བའི་ལེགས་སྐྱེས།

\"\"

གཞས་མ་གྲགས་ཅན་རིག་འཛིན་སྒྲོལ་མས་གཞས་སྙན་མོ་ངག་ལ་འགུག་བཞིན་པ།

\"\"

ཡུས་ཧྲུའུ་ཁུལ་གླུ་གར་ཚོགས་པས་གནམ་ལོ་གསར་བར་ཕུལ་བའི་ལེགས་སྐྱེས།

\"\"

ཀུན་གྱིས་དགའ་བསུ་ཐོབ་བཞིན་པའི་གཞས་མ་ཚེ་དབང་ལྷ་མོས་གཞས་གཏོང་བའི་ཚུལ།

\"\"

ཀན་ལྷོ་ཁུལ་གླུ་གར་ཚོགས་པས་གནམ་ལོ་གསར་བར་ཕུལ་བའི་ལེགས་སྐྱེས།

\"\"

སྐར་འོད་ལམ་ཆེན་གྱི་སྟེང་ནས་བྱ་དགའ་ཨང་དང་པོ་བླངས་མྱོང་བའི་གཞས་པ་དཀོན་མཆོག་ཚེ་རིང་གིས་གཞས་གཏོང་བཞིན་པ།

\"\"

མཚོ་ནུབ་ཁུལ་གླུ་གར་ཚོགས་པས་གནམ་ལོ་གསར་བར་ཕུལ་བའི་ལེགས་སྐྱེས།

\"\"

བོད་ལྗོངས་ནས་ཕེབས་པའི་གཞས་པ་གྲགས་ཅན་རྡོ་རྗེ་དོན་གྲུབ་གྱིས་གནམ་ལོ་གསར་བར་ལེགས་སྐྱེས་འབུལ་བཞིན་པ།

\"\"

རྨ་ལྷོ་ཁུལ་གླུ་གར་ཚོགས་པས་གནམ་ལོ་གསར་ཚེས་ལ་ཕུལ་བའི་ལེགས་སྐྱེས།

\"\"

མདོ་ཁམས་ཡུལ་གྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་དྲུག་པའི་སྟེང་བྱ་དགའ་ཐོབ་པའི་རྡུང་ལེན་པ་ཚོས་རྒྱུད་སྐུད་རྟ་ལ་འདྲེན་བཞིན་པའི་ཚུལ།

\"\"

གནམ་ལོ་གསར་ཚེས་ལ་གླུ་ཡིས་བསྟོད་བཞིན་པ།

IMG_0506.jpg

དགོང་ཚོགས་ཀྱི་ཟུར་ཞིག

IMG_0500.jpg

ལོ་སར་དགོང་ཚོགས«དུས་རབས་གསར་བའི་དཔྱིད་དཔལ»ཞེས་པ་བདེ་བླག་ངང་མཇུག་སྒྲིལ་བ།

གསར་འགོད་པ།  ལྕགས་ཐར་ཚེ་རིང་།  དབང་རྒྱལ་ཚེ་རིང་།  ཐུབ་བསྟན།