ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། དཀའ་ཁག་ཆེ་བའི་ལས་བཟོ་བར་རོགས་སྐྱོར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ། ཁྲིམས་ལྟར་ལས་བཟོ་བའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། ཞིང་བ་ཞོར་ལས་པའི་ཟླ་ཕོགས་སྟེར་བའི་བྱ་བ་སྤེལ་བར་གཞོགས་འདེགས་བྱེད་པ། ལས་བཟོ་བར་ཞབས་འདེགས་ཞུ་བའི་བྱ་བ་ཁྱོན་ཡོངས་ནས་སྤེལ་བ་བཅས་བྱེད་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་དང་གྲོང་ཁྱེར་དང་ཁུལ་སོ་སོའི་སྤྱིའི་བཟོ་ཚོགས། ཞིང་ཆེན་རིམ་པའི་ཐོན་ལས་བཟོ་ཚོགས་སོ་སོ། ཞིང་ཆེན་ཐད་གཏོགས་བཟོ་ཚོགས་སོ་སོས2018ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་གཉིས་སྐབས་སུ་དྲོད་ཁོལ་སྐྱེལ་བའི་བྱ་འགུལ་སྤེལ་རྒྱུ་ཡིན་ལ། བྱ་འགུལ་དེ2018ལོའི་ཟླ་གཉིས་པའི་ནང་བར་རྒྱུན་མཐུད་ངང་སྤེལ་རྒྱུ་རེད།
ཐེངས་འདིའི་དྲོད་ཁོལ་སྐྱེལ་བའི་བྱ་འགུལ་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྣེ་ཁྲིད་དུ་བྱེད་པ་དང་། དཀའ་ཁག་ཆེ་བའི་ལས་བཟོ་བའི་ཁྱིམ་ཚང་གི་གནས་ཚུལ་དང་དངོས་ཡོད་ཀྱི་དགོས་མཁོ་ལྟར། མ་དངུལ་སྟེར་བ་དང་སྲིད་ཇུས་དྲིལ་སྒྲོག་བྱེད་པ།། ལས་ཞུགས་བྱེད་དུ་འཇུག་པ། སྨན་བཅོས་ཞབས་ཞུའི་བྱ་འགུལ་སྤེལ་བ། སློབ་གསོ་ཐད་ནས་རོགས་སྐྱོར་བྱེད་པ། རྡོ་སོལ་སྟེར་བ། ཞབས་འདེགས་ཞུ་བ། དངོས་པོ་སྟེར་བ་སོགས་ཀྱི་བྱ་འགུལ་སྤེལ་ནས། ཏང་དང་སྲིད་གཞུང་གི་དྲོད་ཁོལ་ལས་བཟོ་བའི་སེམས་ཁོང་དུ་སྐྱེལ། ལས་བཟོ་བའི་ཁེ་དབང་མངོན་འགྱུར་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་དང་རྒྱུས་ལོན་གཏིང་ཟབ་བྱས་པ་བརྒྱུད་དེ། ཏང་དང་སྲིད་གཞུང་གི་ངལ་རྩོལ་ལས་ཞུགས་དང་ཡོང་སྒོ་བགོ་བཤའ། སྤྱི་ཚོགས་འགན་སྲུང་། སྡོད་ཁང་། སློབ་གསོ་སོགས་ཕྱོགས་དང་འབྲེལ་བའི་ཁྲིམས་ལུགས་ཁྲིམས་སྲོལ་དང་སྲིད་ཇུས་བྱེད་ཐབས་ལག་བསྟར་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་དང་རྒྱུས་ལོན་གསལ་བོ་བྱེད་རྒྱུ་རེད།
དེ་དང་མཉམ་དུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། སྤྱི་བདེ། སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཁག་གིས་མུ་མཐུད་དུ་ཞིང་བ་ཞོར་ལས་པའི་ཟླ་ཕོགས་སྟེར་བའི་ཐད་ཀྱི་ཆེད་དོན་ཞིབ་བཤེར་བྱ་འགུལ་སྤེལ་ནས། ཁེ་ལས་ཀྱིས་ཟླ་ཕོགས་ཆད་ལུས་བྱེད་པ་དང་ཟླ་ཕོགས་མི་སྟེར་བ་སོགས་ཀྱི་གནད་དོན་ལ་བཅོས་སྐྱོང་བྱས་ཏེ། རྒྱ་ཆེའི་ཞིང་བ་ཞོར་ལས་པའི་ཟླ་ཕོགས་ཧྲིལ་བོར་ལེན་ཐུབ་པར་ཁག་ཐེག་བྱེད་པ་དང་། བཟོ་ཚོགས་ཀྱི་ཁྲིམས་ལུགས་ལྟ་སྐུལ་དང་བཟོ་ཚོགས་ཀྱི་ཁྲིམས་ལུགས་ཞབས་ཞུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དུས་ལྟར་ཞིང་བ་ཞོར་ལས་པར་ཕན་ཡོད་ཀྱི་ཁྲིམས་ལུགས་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད། དེ་མ་ཟད་ད་དུང་ལྕགས་ལམ་དང་འགྲིམ་འགྲུལ་སྐྱེལ་འདྲེན་སོགས་སྡེ་ཁག་དང་མཉམ་དུ་ཞིང་བ་ཞོར་ལས་པ་བདེ་བླག་ངང་ཕྱིར་ཕ་ཡུལ་དུ་ལོག་པའི་འགུལ་སྐྱོད་སྤེལ་བ་དང་། ཞིང་བ་ཞོར་ལས་པར་རོགས་བྱས་ནས་སྤ་སེ་ཉོ་དཀའ་བ་དང་རླངས་འཁོར་ལ་འདུག་དཀའ་བ་སོགས་ཀྱི་གནད་དོན་ཐག་བཅད་དེ། ཧུར་ཐག་གིས་མགྱོགས་མྱུར་སྟབས་བདེ་དང་ཕན་པ་མཐོ་བའི་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། ལས་བཟོ་བ་དང་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་འབུར་ཐོན་གནད་དོན་དང་ཡོངས་ཁྱབ་རང་བཞིན་གྱི་གནད་དོན་ཐད་ནས། དུས་ལྟར་ཏང་ཨུ་དང་སྲིད་གཞུང་ཆེད་དོན་སྙན་ཞུ་ཕུལ་ནས། སྲིད་ཇུས་དང་རྐྱེན་སྲོལ་སྟེང་ནས་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།
ལོ་སར་སྐབས་སུ། ལས་བཟོ་བའི་བསམ་པའི་རིགས་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་བཟོ་བའི་རིག་གནས་ཁང་དང་ལས་བཟོ་བའི་དཔེ་ཀློག་ཁང་སོགས་རིག་གནས་བྱ་འགུལ་སྤེལ་བ་བེད་སྤྱད་དེ། བདེ་ཐང་ཡར་ཐོན་གྱི་མང་ཚོགས་རིག་གནས་རོལ་རྩེད་བྱ་འགུལ་སྤེལ་རྒྱུ་ཡིན་པ་མ་ཟད། ལོ་སར་སྐབས་སུ་ཕ་ཡུལ་ལ་འགྲོ་མི་ཐུབ་པར་ལས་གནས་སུ་ལས་ཀ་གཉེར་བའི་ལས་བཟོ་བར་འཚམས་འདྲི་བྱེད་པའི་བྱ་འགུལ་ཡང་སྤེལ་རྒྱུ་རེད།