ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་ཚན་རྩལ་ཅུའུ་དང་ལོ་རྒྱུས་ཞིབ་འཇུག་ཁང་། ཧྲན་ཞི་དང་ཀན་སུའུ། མཚོ་སྔོན། སི་ཁྲོན། བོད་རང་སྐྱོང་ལྗོངས་བཅས་ཞིང་ལྗོངས་ལྔའི་སྤྱི་ཚོགས་ཚན་རིག་གླིང་གིས་ཟི་ལིང་དུ་ཐང་བོད་གནའ་ལམ་འཛམ་གླིང་ཤུལ་བཞག་རིག་གནས་སུ་སྙན་ཞུ་འབུལ་བའི་དུས་སྐབས་སྔོན་མའི་ཞིབ་འཇུག་གི་མཐུན་སྦྱོར་བྱ་བའི་མཉམ་འབྲེལ་ཚོགས་འདུ་ཐེངས་གཉིས་པ་བསྡུས། ཚོགས་འདུ་དེ་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གིས་གཙོ་སྒྲུབ་བྱས་པ་དང་། ཆེད་མཁས་པ་སོ་ལྔ་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་ཚོགས་འདུར་ཞུགས།
ཚོགས་ཐོག་ནས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་ལོ་རྒྱུས་ཞིབ་འཇུག་ཁང་དང་ཞིང་ལྗོངས་ལྔའི་སྤྱི་ཚོགས་ཚན་རིག་གླིང་གི་ཆེད་མཁས་པས་སྡེ་ཁག་སོ་སོས་ཐང་བོད་གནའ་ལམ་འཛམ་གླིང་ཤུལ་བཞག་རིག་གནས་སུ་སྙན་ཞུ་འབུལ་བའི་དུས་སྐབས་སྔོན་མའི་ཞིབ་འཇུག་བྱ་བ་སྤེལ་བའི་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད་བྱ་བའི་བསམ་འཆར་བཏོན། ཚང་མས་བསྟན་དོན། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གིས་སྒྲིག་བཟོ་བྱས་པའི༼མཉམ་འབྲེལ་གྱིས་ཐང་བོད་གནའ་ལམ་འཛམ་གླིང་ཤུལ་བཞག་རིག་གནས་སུ་སྙན་ཞུར་འབུལ་བའི་ཉིས་སྟོང་བཅོ་བརྒྱད་ལོའི་བྱ་བའི་འཆར་འགོད༽དེ་གཞིར་བཟུང་ནས། དུས་ཚོད་ལྟར་བརྟག་དཔྱད་ཞིབ་འཇུག་དང་རྩོམ་འབྲིའི་བྱ་བ་བསྒྲུབ་དགོས་ཟེར།
ཚོགས་འདུ་ལས། ཐང་བོད་གནའ་ལམ་འཛམ་གླིང་ཤུལ་བཞག་རིག་གནས་ཁྲོད་ཡར་ཞུ་བྱེད་པ་དེས། འཛམ་གླིང་རིག་གནས་བང་མཛོད་ཁྲོད་སྔར་ལས་ལྷག་པར་ཀྲུང་གོའི་བློ་གྲོས་མཁོ་འདོན་བྱས་ཡོད་པར་མ་ཟད། ཐང་བོད་གནའ་ལམ་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་དང་དང་རྒྱུན་འཛིན་ལ་ཤུགས་སྣོན་བྱེད་པ་དང་། ལས་རིགས་སོ་སོས་ཐང་བོད་གནའ་ལམ་གྱི་ལོ་རྒྱུས་རིག་གནས་རིན་ཐང་ལ་ངོས་འཛིན་ཟབ་མོ་བྱེད་རྒྱུ་དང་ནུབ་རྒྱུད་ཀྱི་མི་རིགས་སོ་སོའི་རིག་གནས་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ། ནུབ་རྒྱུད་ཀྱི་ཞིང་ཆེན་དང་ས་ཁུལ་སོ་སོའི་རིག་གནས་མཐོར་འདེགས་སུ་གཏོང་བར་དེ་བས་ཀྱང་དོན་སྙིང་གལ་ཆེན་ལྡན་ཟེར།