མཚོ་སྔོན་བྱང་གསུམ་ནགས་སྲུང་སྔོན་འགོག་བཟོ་སྐྲུན་གྱིས་ལོ་བཞི་བཅུའི་ནང་དུ་ནགས་སྐྲུན་རྒྱ་ཁྱོན་སྤྱི་ཆིང་འབུམ་བརྒྱད་དང་ཁྲི་བརྒྱད་སྟོང་དགུ་ལྔ་བརྒྱ་བྱས།
2017.12.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

 གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། གཅིག་དགུ་དོན་བརྒྱད་ལོར་མཚོ་སྔོན་བྱང་གསུམ་ནགས་སྲུང་སྔོན་འགོག་མ་ལག་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱས་པ་ནས་བཟུང་། མཚོ་སྔོན་གྱིས་འདས་པའི་ལོ་བཞི་བཅུའི་རིང་ལ་དཀའ་སྤྱད་སྡུག་རུས་དང་འབད་འབུངས་ལྷོད་མེད་བྱས་པར་བརྟེན་ནས། སྔ་གཞུག་ཏུ་བཟོ་སྐྲུན་སྐབས་དང་པོ་དང་སྐབས་གཉིས་པ། སྐབས་གསུམ་པ། སྐབས་བཞི་བ་བཅས་ཀྱི་འཛུགས་སྐྲུན་འོས་འགན་རྒྱུན་མཐུད་ངང་ཡོངས་འགྲུབ་བྱས་ཏེ། བཟོ་སྐྲུན་འཛུགས་སྐྲུན་བྱ་བར་དུས་རིམ་རང་བཞིན་གྱི་ཕན་འབྲས་ངེས་ཅན་ལོན་ཡོད་པར་མ་ཟད། བཟོ་སྐྲུན་ཁྱབ་ཁོངས་ཀྱི་བྱེ་འགྱུར་འགོག་བཅོས་དང་ས་ཆུ་ཤོར་བ་སྲུང་འཛིན། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བཅས་མངོན་གསལ་བྱུང་མཐར་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་མངོན་ཡོད།

ཉིས་སྟོང་བཅུ་བཞི་ལོར་རྒྱལ་ཡོངས་བྱེ་འགྱུར་ས་ཞིང་ཚད་ལེན་སྐབས་ལྔ་བ་བྱས་པའི་མཇུག་འབྲས་ལྟར་ན། མཚོ་སྔོན་གྱི་བྱེ་འགྱུར་རྒྱ་ཁྱོན་ལ་སྤྱི་ཆིང་བྱེ་བ་གཅིག་ལྷག་ཡོད་ཅིང་། དེས་ས་ཁོངས་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་བཅུ་བདུན་དང་གྲངས་ཆུང་བཞི་ཟིན་པ་དང་། བྱེ་ཐང་དུ་གྱུར་བའི་རྒྱ་ཁྱོན་ལ་སྤྱི་ཆིང་བྱེ་བ་གཅིག་དང་ས་ཡ་དགུ་ཡོད་ཅིང་། དེས་ས་ཁོངས་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་ཉེར་དྲུག་དང་གྲངས་ཆུང་ལྔ་ཟིན། ཉིས་སྟོང་དགུ་ལོར་རྒྱལ་ཁབ་ཀྱིས་རྒྱལ་ཡོངས་བྱེ་འགྱུར་ཚད་ལེན་གྱི་གཞི་འཛིན་གྲངས་ཀ་བསྡུར་བའི་མཇུག་འབྲས་བསྒྲགས་པ་དང་བསྡུར་ན། བྱེ་འགྱུར་རྒྱ་ཁྱོན་སྤྱི་ཆིང་ཁྲི་ལྔ་དང་སྟོང་བདུན་གྱིས་ཇེ་ཉུང་དུ་སོང་ཡོད་ཅིང་། དེ་ནི་ཆ་སྙོམས་ལོ་རེར་སྤྱི་ཆིང་ཁྲི་གཅིག་ལྷག་གིས་ཇེ་ཉུང་དུ་འགྲོ་བཞིན་ཡོད། ཞིང་ཆེན་ཡོངས་ཀྱི་བྱེ་ཐང་ཅན་དུ་གྱུར་བའི་རྒྱ་ཁྱོན་དང་བྱེ་འགྱུར་རྒྱ་ཁྱོན་གཉིས་ལ་ལྡབ་གཅིག་གིས་ཇེ་ཉུང་དུ་འགྲོ་བཞིན་པའི་རྣམ་པ་བཟང་བོ་མངོན། ཚྭ་འདམ་གཞོང་ས་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བྱེ་འགྱུར་རྒྱ་ཁྱོན་སྤྱིའི་ཆ་ནས་ཇེ་ཉུང་དུ་སོང་ཡོད་པ་དང་། བྱེ་འགྱུར་གྱི་ཚད་ཀྱང་ཇེ་དམའ་རུ་སོང་ཡོད། གུང་ཧོ་གཞོང་ས་དང་མཚོ་སྐོར་ལྕགས་རྟ་འགྲན་ཁུལ་གྱི་བྱེ་འགྱུར་ཚད་ཀྱང་བསྟུད་མུར་ཇེ་ཉུང་དུ་སོང་ནས་ལེགས་ལམ་དུ་འགྲོ་བཞིན་པའི་རྣམ་པ་བཟང་བོ་མངོན་ཡོད།

མཚོ་སྔོན་གྱིས་འདས་པའི་ལོ་ངོ་བཞི་བཅུའི་རིང་ལ་བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྤྱི་ཆིང་འབུམ་གཉིས་ཙམ་གྱི་སར་ས་ཆུ་སྲུང་འཛིན་བྱས་ཡོད་ཅིང་། སྤྱི་ཆིང་འབུམ་བདུན་དང་ཁྲི་དགུ་ལྷག་གི་སར་ས་ཆུ་སྲུང་འཛིན་ལེགས་བཅོས་བྱས་ཡོད། སྤྱི་ལེ་གྲུ་བཞི་མ་སྟོང་ལྔ་དང་བཞི་བརྒྱ་གྱ་དྲུག་གི་སར་ས་ཆུ་ཤོར་བ་ཚོད་འཛིན་བྱས་ཡོད་པས། དེས་འཛུགས་སྐྲུན་ས་ཁུལ་གྱི་ས་ཆུ་ཤོར་བའི་རྒྱ་ཁྱོན་གྱི་བརྒྱ་ཆའི་ཉི་ཤུ་ཡན་ཟིན་ཡོད།