རྨ་སྟོད་རྫོང་གི་དབུལ་སྐྱོར་ལས་བྱེད་པས་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས།
2017.12.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

རྨ་སྟོད་རྫོང་གིས་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་སྡེ་སྡོད་བྱ་བའི་རུ་ཁག་གི་ལས་བྱེད་པའི་དོ་དམ་དང་ཞབས་ཞུའི་བྱ་བ་དམ་འཛིན་བྱས་པ་དང་། ལས་གཉེར་ལས་སྐྲུན་གྱི་ནང་ཁོག་གི་སྒུལ་ཤུགས་ཆེར་སྐྱེད་དེ། ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་སྡེ་སྡོད་ལས་བྱེད་པའི་དབུལ་སྐྱོར་མཁྲེགས་གཏོར་ཐད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས།

རྨ་སྟོད་རྫོང་གིས་ཞིང་ཆེན་གྱིས་གཏན་ཁེལ་བྱས་པའི་སྡེ་བ་གཙོ་བོ་བཅུ་གསུམ་ལ་ཧྲུའུ་ཅི་དང་པོ་བདམས་མངག་བྱས་པའི་རྨང་གཞིའི་སྟེང་། རྫོང་གིས་གཏན་ཁེལ་བྱས་པའི་སྤྱིར་བཏང་གི་སྡེ་བ་བཅུ་བདུན་ལ་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་སྡེ་སྡོད་ལས་བྱེད་རུ་ཁག་བདམས་མངག་བྱས་ནས། བསྡོམས་པས་ཧྲུའུ་ཅི་དང་པོ་མི་སུམ་ཅུ་བདམས་མངག་བྱས་པ་དང་། དབུལ་སྐྱོར་སྡེ་སྡོད་ལས་བྱེད་རུ་ཁག་གི་ཁོངས་མི་རེ་ལྔ་བཀོད་སྒྲིག་བྱས། དེ་དང་མཉམ་དུ། རྨ་སྟོད་རྫོང་གི་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་སྡེ་སྡོད་བྱ་བའི་རུ་ཁག་གི་ལས་བྱེད་པའི་དོ་དམ་སྒྲིག་སྲོལ་ཞིབ་ཕྲ་གཏན་འབེབས་བྱས་ནས་མར་བཀྲམས་པ་དང་། ཞང་དང་གྲོང་རྡལ་གྱི་ཏང་ཨུ་དང་། བདམས་མངག་ལས་ཁུངས། ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་སྡེ་སྡོད་ལས་བྱེད་པར་བྱེ་བྲག་གི་རེ་བ་བཏོན། ཧྲུའུ་ཅི་དང་པོའི་ཐད་ནས་ཉིན་རྒྱུན་གྱི་དཔྱད་ཞིབ་དང་། དུས་སྐེད་ཀྱི་དཔྱད་ཞིབ། ལོ་ཧྲིལ་བོའི་ཕྱོགས་བསྡུས་དཔྱད་ཞིབ་བཅས་ཟུང་འབྲེལ་བྱེད་པའི་རྣམ་པ་སྤྱད་དེ། ཞང་དང་གྲོང་རྡལ་གྱི་ཏང་ཨུ་དང་། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཚན་ཁག སྡེ་བའི་འགན་ལེན་ལས་བྱེད་པ། འབྲོག་པ་མང་ཚོགས་བཅས་ཀྱིས་ཧྲུའུ་ཅི་དང་པོའི་བྱ་བའི་གྲོས་གཞི་ཐད་ནས་དཔྱད་ཞིབ་དང་དཔྱད་འཇོག་བྱེད་དུ་བཅུག

ཧྲུའུ་ཅི་དང་པོའི་འགན་སྒྲུབ་ནུས་པ་མཐོར་འདེགས་བྱེད་ཆེད། འགན་འཁྲི་རྩད་གཅོད་དང་བརྗེ་རེས་མཐུན་སྦྱོར། དཔྱད་གཞི་ཡིག་ཚགས། བྱ་བའི་སྒྲིག་ལམ་སོགས་ཕྱོགས་ནས་བྱ་བའི་འགན་འཁྲི་དང་བྱ་བའི་དམིགས་འབེན་གཏན་ཁེལ་གསལ་བོ་བྱས་པ་དང་། འགན་འཁྲི་ཡི་གེ་བཀོད། དེ་མ་ཟད་ཧྲུའུ་ཅི་དང་པོའི་ཁྲོད་ནས་སྡེ་སྡོད་དུས་ཚོད་དང་བྱ་བའི་སྤྱོད་ཚུལ། བྱ་བའི་གྲུབ་འབྲས་ཐད་ནས་འགྲན་བསྡུར་བྱེད་པ་དང་། ཕན་ཚུན་ལ་གདེང་འཇོག་བྱེད་པའི་བྱ་འགུལ་སྤེལ་ནས། ཧྲུའུ་ཅི་དང་པོའི་བྱ་བའི་ནང་ཁོག་གི་སྒུལ་ཤུགས་ཆེར་སྐྱེད་པ་དང་། ཕན་ཚུན་ལ་འགྲན་བསྡུར་བྱེད་པའི་སྣང་ཚུལ་གྲུབ་པར་བྱས་ཏེ། ཕན་ཚུན་ལ་རྒྱབ་སྐྱོར་དང་ཕན་ཚུན་ལ་སྐུལ་འདེད་བྱེད་པའི་ནུས་པ་ཐོན་པར་བྱས། ད་ལོའི་ཚུན་དུ། རྫོང་ཡོངས་ཀྱི་ཧྲུའུ་ཅི་དང་པོས་གཞི་རིམ་གྱི་འབྲོག་པ་མང་ཚོགས་ལ་དོན་དངོས་དང་དོན་བཟང་བརྒྱ་ལྷག་བསྒྲུབས་པ་དང་། ལས་གཞི་དགུ་དང་རོགས་སྐྱོར་མ་དངུལ་སྒོར་ས་ཡ་ལྔ་ལྷག་བརྩོན་ལེན་བྱས་པ་མ་ཟད། སྒྲོག་འགྲེལ་གྲོས་ཚོགས་ཐེངས་ལྔ་བཅུ་ལྷག་བསྡུས།