གཙང་གསུམ་འགོ་ཁུངས་བསྟན་པ་དར་རྒྱས་འཁེལ་འཐག་བཟོ་གྲྭ་དང་། ཀན་ལྷོ་ཁུལ་ཨ་མྱེ་སྐུ་བླ་ཡུལ་སྐོར་རིག་གནས་འཕེལ་རྒྱས་ཀུང་ཟི། གངས་ལྷ་མི་རིགས་མཁོ་ཆས་ལས་སྣོན་ཚད་ཡོད་འགན་འཁྲི་ཀུང་ཟི་བཅས་ཀྱིས་གཙོ་སྒྲུབ་གནང་བའི་བལ་དཀར་ཁ་བཏགས་དང་འབྲེལ་བའི་ཆེས་ཐོག་མའི་བོད་ཀྱི་ཁ་བཏགས་རིག་གནས་དཔྱད་གླེང་ཚོགས་འདུ་སྟེ་གཙང་གསུམ་འགོ་ཁུངས་བསྟན་པ་དར་རྒྱས་འཁེལ་འཐག་བཟོ་གྲྭའི་བལ་དཀར་ཁ་བཏགས་ཀྱི་ཐོན་རྫས་ཁྱབ་སྤེལ་དཔྱད་གླེང་ཚོགས་འདུ་ཟླ་འདིའི་ཚེས30ཉིན་ཁྲིན་ཏུའུ་གྲོང་ཁྱེར་དུ་བསྡུས།
ཐེངས་འདིའི་ཚོགས་འདུའི་སྟེང་ལ་ཕྱོགས་སོ་སོ་ནས་ཕེབས་པའི་ཆེད་མཁས་པ་དང་། ཁེ་ལས་པ། སློབ་ཆེན་དགེ་རྒན། ཚོང་བ་ཆེ་ཆུང་སོགས་བསྡོམས་པའི་མི་སྣ150ལྷག་ཟུར་ཞུགས་བྱས་ཏེ་བོད་ཀྱི་ཁ་བཏགས་རིག་གནས་དང་འབྲེལ་བའི་གཏམ་བཤད་དང་བགྲོ་གླེང་རྒྱ་ཆེར་སྤེལ།
དུས་ཡུན་ཉིན་གཉིས་ལྷག་གི་དཔྱད་གླེང་བརྒྱུད་དེ་ཆེད་མཁས་པ་དང་སྐུ་མགྲོན་དག་གིས་རང་རང་གི་ཚོང་ལས་ལམ་ཁ་ནས་རྙེད་པའི་ཉམས་མྱོང་དང་། ཉམས་མྱོང་དེ་ལས་བསགས་པའི་འབྲས་རྟགས་ཁུར་དུ་བསྣམས་ཏེ་རེབ་འདིའི་ཚོགས་འདུའི་སྟེང་ཞུགས་ཤིང་། བོད་ཀྱི་ཁ་བཏགས་རིག་གནས་དང་འབྲེལ་ཏེ་བལ་དཀར་ཁ་བཏགས་ཀྱི་མིང་ལ་དཔྱད་པ་དང་། ད་ལྟའི་རྒྱུ་ཆ་འགྱིག་རྫས་ཡིན་པའི་ཁ་བཏགས་འགའ་རེས་རང་བྱུང་ཁོར་ཡུག་ལ་བཟོས་དང་བཟོ་བཞིན་པའི་གནོད་འཚེ། འབྱུང་འགྱུར་བལ་དཀར་ཁ་བཏགས་ཀྱི་ཁྲོམ་ར་ཇི་ལྟར་རྒྱལ་སྤྱི་ཅན་དུ་བསྐྱོད་རྒྱུའི་སྐོར། ཁ་བཏགས་ཀྱི་བྱུང་བ་དང་བོད་མིས་ཁ་བཏགས་ལ་བཟུང་བའི་རིན་ཐང་ལྟ་བ་སོགས་ཀྱི་སྐོར་ནས་དགོངས་འཆར་ལྷུག་པོར་བརྗོད།
སྤྱིར་ན་ཁ་བཏགས་ནི་རིག་གནས་ཀྱི་མཚོན་བྱེད་དང་མི་རིགས་ཀྱི་དན་རྟགས་གལ་ཆེན་ཞིག་ཡིན་ལ། གནའ་ནས་ད་བར་བོད་ཀྱི་རྟེན་འབྲེལ་དང་བཀའ་དྲིན་མཚོན་བྱེད་ཅན་ཞིག་ཡིན་པས། བོད་མི་རྣམས་ཀྱི་སྐྱིད་སྡུག་གང་གི་དུས་སུ་ལག་ན་མེད་དུ་མི་རུང་བའི་རྟགས་མཚན་ཞིག་ཏུ་གྱུར་ཡོད། ཡིན་ནའང་ད་ལྟའི་དུས་འདིར་དཔལ་འབྱོར་ཁེ་ཕན་རྐྱང་རྐྱང་ལ་དམིགས་ནས་རྒྱུ་སྤུས་ལ་ཁག་ཐེག་ཅི་ཡང་མེད་པའི་ཁ་བཏགས་ཀྱི་རིགས་སྣ་ཚོགས་བོད་མིའི་འཚོ་བའི་ཁྲོད་དུ་ཐོན་དང་འདོན་བཞིན་ཡོད། དེས་མི་རྣམས་ཀྱི་བདེ་ཐང་ལ་གནོད་པ་བཟོ་བ་མ་ཟད། སྐྱེ་ཁམས་ཁོར་ཡུག་ལའང་འབག་བཙོག་ངེས་ཅན་ཞིག་བཟོ་བཞིན་ཡོད། དེ་བས་གཙང་གསུམ་འགོ་ཁུངས་བསྟན་པ་དར་རྒྱས་འཁེལ་འཐག་བཟོ་གྲྭ་འདིས་འབྲོག་པའི་བལ་ཁུལ་ལ་དེང་རབས་ལག་རྩལ་གྱིས་ལས་སྣོན་བྱས་ཏེ་རྒྱལ་སྤྱིའི་རང་བཞིན་གྱི་རས་སོགས་འཐག་རྒྱུ་གཙོ་བོ་བྱས་ཡོད་དེ་ལྷག་པར་དུ་རང་བྱུང་ཁོར་ཡུག་དང་མི་རིགས་རིག་གནས་ཀྱི་རྒྱབ་ལྗོངས་ལ་མཐུན་པའི་བལ་དཀར་ཁ་བཏགས་ཤིག་གསར་བཟོ་བྱེད་ཐུབ་པ་བྱུང་ཡོད། བལ་དཀར་ཁ་བཏགས་འདིའི་དགེ་མཚན་གཙོ་བོ་ནི་འཛད་སྤྱོད་པས་བཀོལ་སྤྱོད་བྱས་རྗེས་ཕྱིར་བཟོ་གྲྭས་བསྡུ་ཉོ་བྱ་རྒྱུ་ཡིན་པ་དང་། མ་འོངས་པར་བོད་ཀྱི་ཁ་བཏགས་དང་འབྲེལ་བའི་གད་སྙིགས་སྣ་ཚོགས་ཉུང་བ་ནས་མེད་པར་བཟོ་བའི་ཕྱོགས་ལ་ཧུར་བརྩོན་བྱ་རྒྱུ་རེད།
རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གཙོ་འཇིགས་མེད་རྒྱལ་མཚན་གྱིས་གཏམ་བཤད་གནང་བཞིན་པ།
ཁེ་ལས་པ་སངས་རྒྱས་རྒྱ་མཚོས་གཏམ་བཤད་གནང་བཞིན་པ།
སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་གཏམ་བཤད་གནང་བཞིན་པ།
སྒྱུ་རྩལ་པ་སྨན་བླ་སྐྱབས་ཀྱིས་གཏམ་བཤད་གནང་བཞིན་པ།
ཀན་སུའུ་ནང་བསྟན་སློབ་གླིང་གི་དགེ་རྒན་ཚེ་རིང་དོན་གྲུབ་ཀྱིས་གཏམ་བཤད་གནང་བཞིན་པ།
ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཐུབ་བསྟན་ཕུན་ཚོགས་ཀྱིས་གཏམ་བཤད་གནང་བཞིན་པ།
ཨེ་འགོག་རང་འདུན་པ་ཆོས་དཔལ་བཟང་པོས་གཏམ་བཤད་གནང་བཞིན་པ།
ན་གཞོན་ཁེ་ལས་པ་མི་འགྱུར་རྡོ་རྗེས་གཏམ་བཤད་གནང་བཞིན་པ།
ཁོར་སྲུང་བ་དབྲ་ཁྱུང་དཔལ་བཟང་གིས་གཏམ་བཤད་གནང་བཞིན་པ།
འཇར་པན་ནས་ཡོང་བའི་ཁེ་ལས་པ་ཡ་མ་རྡ་ནའོ་ཁེས་ཚོང་ལས་ལམ་ཁར་ཞུགས་པའི་རང་གི་མྱོང་སྣང་བརྗོད་བཞིན་པ།
ན་གཞོན་ཁེ་ལས་པ་བསྟན་པ་དར་རྒྱས་ཀྱིས་བལ་དཀར་ཁ་བཏགས་ཀྱི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།
གཙང་གསུམ་འགོ་ཁུངས་བསྟན་པ་དར་རྒྱས་འཁེལ་འཐག་བཟོ་གྲྭས་ལས་སྣོན་བྱས་པའི་ཐོན་རྫས།
ཚོགས་རའི་ཟུར་ཞིག
ཕྱོགས་ཡོངས་ནས་ཕེབས་པའི་སྐུ་མགྲོན་ལྷན་རྒྱས།
གསར་འགོད་པ། དབང་རྒྱལ་ཚེ་རིང་།