མཚོ་སྔོན་ཞིང་ཆེན་གྱིས་སྡེ་བའི་ཉེན་རྟོག་པའི་ཞབས་ཞུ་སྡེ་བ་ཡོངས་སུ་ཁེབས་པར་བྱས།
2018.01.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་མིག་སྔར་བསྡོམས་པས་སྡེ་བའི་ཉེན་རྟོག་པ་སྟོང་བཞི་དང་ལྔ་བརྒྱ་གོ་དྲུག་བསྡུ་ལེན་བྱས་བ་མ་ཟད། ཚང་མ་ཞིང་སྡེ་འབྲོག་ཁུལ་དུ་བཀོད་སྒྲིག་བྱས་ནས། སྡེ་བའི་ཉེན་རྟོག་པའི་ཞབས་ཞུ་སྡེ་བ་རིམ་པར་ཁེབས་པར་བྱས།
གཞི་རིམ་མངག་གཏོང་ཁང་གི་རྒྱུན་སྲིང་སྟོབས་ཤུགས་ཡིན་པའི་ཆ་ནས། ཞིང་ཆེན་ཡོངས་ཀྱི་སྡེ་བའི་ཉེན་རྟོག་པ་སྟོང་བཞི་དང་ལྔ་བརྒྱ་གོ་དྲུག་གིས་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། ཉེན་རྟོག་བྱ་བའི་ལམ་བུ་རྒྱ་སྐྱེད་དང་སྤྱི་བདེའི་གཞི་རིམ་རྨང་གཞི་བྱ་བར་ཤུགས་སྣོན་པ་སོགས་ཀྱི་ཕྱོགས་ནས། ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ། ཆ་འཕྲིན་ཡང་དག་པ་དང་འགོག་སྲུང་དམ་པོ་ཡིན་པ། འགལ་བ་ཐག་གཅོད་བྱེད་པ། བདེ་མྱུར་ཞབས་ཞུ་འདོན་སྤྲོད་བྱེད་པ་སོགས་ཕྱོགས་སུ་གྲུབ་འབྲས་བླངས།

བསྡོམས་རྩིས་བྱས་པ་ལྟར་ན། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་སྡེ་བའི་ཉེན་རྟོན་པས་གཞོགས་འདེགས་བྱས་ནས་བདེ་སྐྱོང་ཉེན་ཟོན་སྐོར་ཞིབ་དང་བདེ་འཇགས་འགོག་སྲུང་དྲིལ་སྒྲོག་བྱས་ནས། ཉེས་དོན་གྱོད་གཞི་སུམ་བརྒྱ་དང་ང་དྲུག་དང་བདེ་སྲུང་གྱོད་གཞི་སྟོང་གསུམ་དང་ཉེར་གསུམ། རང་བྱུང་གནོད་འཚེ་དོན་རྐྱེན་བརྒྱ་དང་རེ་བདུན་ཡར་ཞུ་བྱས་པ་དང་། འགལ་བ་ཁྲི་གཅིག་དང་ཉིས་བརྒྱ་རེ་གཉིས་ཐག་གཅོད་བྱས།

སྡེ་བའི་ཉེན་རྟོག་པའི་དོ་དམ་དང་བཀོལ་སྤྱོད་ཐད་ནས། མཚོ་སྔོན་ཞིང་ཆེན་གྱི་སྤྱི་བདེ་ལས་ཁུངས་ཀྱིས་དོ་དམ་དང་དཔྱད་ཞིབ་དཔྱད་འཇོག་སོགས་འབྲེལ་ཡོད་གཏན་ཁེལ་ལག་བསྟར་བྱས་པ་དང་། ལྷག་པར་དུ་མི་སྣ་གསར་བ་བསྡུ་ལེན་བྱེད་སྐབས། གཏན་ཁེལ་དང་གོ་རིམ་ལྟར་མི་སྣ་བསྡུ་ལེན་བྱས་པ་དང་། གང་འདོད་ལྟར་མི་སྣ་བརྗེ་སྤོར་བྱེད་པར་བཀག་འགོག་བྱས་པ་མ་ཟད། སྡེ་བའི་ཉེན་རྟོག་པའི་བསྡུ་ལེན་དང་དོ་དམ་བྱེད་སྟངས་ལ་འཚོལ་ཞིབ་བྱས་ནས། བྱ་བའི་ཉམས་མྱོང་ཕུན་སུམ་ཚོགས་ཤིང་དུས་ཡུན་རིང་བོར་སྡོད་ཁུལ་དུ་བྱ་བ་སྒྲུབ་ཐུབ་པའི་མི་སྣ་སྡེ་བའི་ཉེན་རྟོག་པར་བསྡུ་ལེན་བྱས་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་སྡེ་བའི་ཉེན་རྟོག་པའི་དཔུང་སྡེའི་གཏན་འཇགས་རྒྱུན་འཁྱོངས་བྱས། དེ་དང་མཉམ་དུ། སྡེ་བའི་ཉེན་རྟོག་པའི་བྱ་བའི་འགན་འཁྲི་དང་འབྲེལ་ཡོད་གཏན་ཁེལ་དང་འགལ་བའི་མི་སྣ། སྒྲིག་ལམ་ལྟར་གདན་ཞུ་མཚམས་འཇོག་བྱེད་པ་དང་། དུས་ལྟར་སྡེ་བའི་ཉེན་རྟོག་པའི་དཔུང་སྡེ་ནས་ཕྱིར་ཕུད་དེ། རིམ་བཞིན་སྡེ་བའི་ཉེན་རྟོག་པའི་དོ་དམ་ཐད་ནས་ལམ་ལུགས་ཅན་དང་ཚད་ལྡན་ཅན། ཁྲིམས་སྐྱོང་ཅན་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་།