
2017ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་ཧུར་ཐག་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་པ་དང་། ནོར་སྲིད་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་ནས། ཙོང་ཆུའི་བཞུར་རྒྱུན་གྱི་ཕྱོགས་བསྡུས་བཅོས་སྐྱོང་དང་མཁའ་རླུང་སྦག་བཙོག་འགོག་བཅོས། ས་རྒྱུའི་སྦག་བཙོག་དོ་དམ་ཚོད་འཛིན་དང་བསྐྱར་གསོ་བཅས་ཕྱོགས་གསུམ་ནས་མགོ་བརྩམ་སྟེ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་མཁར་གྲོང་གི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བྱས།
ཙོང་ཆུའི་བཞུར་རྒྱུན་གྱི་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་རྒྱབ་སྐྱོར་བྱས་པ། སྔ་མོ་ནས་མཚོ་སྔོན་མི་དམངས་ལ་དྭངས་གཙང་གི་ཆུ་མོ་ཞིག་འཐུང་དུ་འཇུག་པའི་དམ་བཅའ་ལྟར་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་མར་བྱིན་ནས་ཙོང་ཆུའི་བཞུར་རྒྱུན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ཤུགས་ཚད་ཇེ་ཆེར་བཏང་བ་དང་། བར་ཆུ་སླར་སྤྱོད་དང་མིས་བཟོས་འདམ་ར། བཙོག་ཆུ་ཐག་གཅོད་བཟོ་གྲྭའི་སྒྱུར་བཀོད་ཚད་གཞི་མཐོ་རུ་གཏོང་བ་དང་ནུས་པ་འཛུགས་སྐྲུན་བྱེད་པ་སོགས་བཙོག་ཆུ་ཐག་གཅོད་སྒྲིག་ཆས་འཛུགས་སྐྲུན་གཙོ་བོ་ལ་རྒྱབ་སྐྱོར་བྱས་ཤིང་། མུ་མཐུད་དུ་ཙོང་ཆུའི་ཆུ་སྤུས་ཇེ་ལེགས་སུ་བཏང་།
མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མཁའ་རླུང་སྦག་བཙོག་འགོག་བཅོས་བྱ་བར་རྒྱབ་སྐྱོར་བྱས་པ། མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་བཀོད་སྒྲིག་བྱས་ནས་མཁའ་རླུང་སྦག་བཙོག་འགོག་བཅོས་བྱ་བ་དེ་ཤར་ཕྱོགས་ས་ཁུལ་ནས་ཁུལ་དྲུག་ལ་རྒྱ་བསྐྱེད་དེ། ཁུལ་ཁོངས་གཙོ་བོར་བཅོས་སྐྱོང་བྱེད་པ་ནས་ཁྱོན་ཡོངས་ལ་བཅོས་སྐྱོང་བྱེད་པ་མངོན་འགྱུར་བྱས་པ་དང་། གྲོང་ཁྱེར་གྱི་གཞུང་ལམ་སོགས་ས་རྡུལ་དོ་དམ་ཐད་གཙོ་གནད་དུ་རྒྱབ་སྐྱོར་བྱས་ལ། མིས་ཐབས་ཀྱིས་ཆར་ཕབ་པ་དང་ཆུ་གཏོར་བ། སྨན་ཆུ་གཏོར་ནས་ཆུ་འགོག་པའི་བྱེད་ཐབས་སྲ་སྒྱུར་བྱས་ནས་ཚད་ལྡན་མིན་པའི་རླངས་འཁོར་དང་སོལ་སྤར་ཁྲོ་ཐབ་འདོར་བར་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་ཀྱིས་མར་བཏོན་པའི་མཁའ་རླུང་སྦག་བཙོག་འགོག་བཅོས་དམིགས་འབེན་འགན་ཁུར་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱས།
ས་རྒྱུའི་སྦག་བཙོག་འགོག་བཅོས་དོ་དམ་ཚོད་འཛིན་དང་བསྐྱར་གསོ་བྱ་བར་རྒྱབ་སྐྱོར་བྱས་པ། ཆེད་སྤྱོད་མ་དངུལ་སྒོར་སྟོང་བདུན་དང་སུམ་བརྒྱ་དོན་བདུན་མར་བྱིན་ནས། སྔོན་ཆད་ནས་ལུས་ཡོད་པའི་སྙིགས་རོ་དང་ལྕི་བའི་ལྕགས་རིགས་ཀྱི་སྦག་བཙོག་བཅོས་སྐྱོང་བྱས་པ་དང་། ཁྱོན་ཡོངས་ནས་ས་རྒྱུའི་སྦག་བཙོག་གནས་ཚུལ་ལ་ཞིབ་བཤེར་བྱེད་པའི་བྱ་བ་སྤེལ་ཞིང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་རྒྱུའི་སྦག་བཙོག་བསྐྱར་གསོ་དང་བཅོས་སྐྱོང་བྱེད་པའི་འཆར་གཞི་བཟོ་བར་རྒྱབ་སྐྱོར་བྱས་ཏེ་ས་རྒྱུའི་སྦག་བཙོག་གནད་དོན་ཐག་གཅོད་བྱས་པར་མ་ཟད། སྦག་བཙོག་འགོག་བཅོས་བྱེད་ཐབས་དང་བཅོས་སྐྱོང་ལས་གཞི་གསལ་བོ་བྱས་ནས་ས་རྒྱུའི་སྦག་བཙོག་དོ་དམ་ཚོད་འཛིན་དང་བསྐྱར་གསོ་ཐད་རྨང་གཞི་བརྟན་པོ་བཏིངས།