མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ་མང་ཚོགས་ཕྱུག་སྒྱུར་གྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་མང་པོ་གཏན་ཁེལ་བྱས་ཏེ་ཕྱིར་བཏོན་པ་དང་། མིག་སྔར་རི་ལྗང་ཆུ་དྭངས་ནི་ཡུན་སྐྱོང་གི་གསེར་རི་དངུལ་རི་ཡིན་པ་དང་སྐྱེ་ཁམས་དགེ་མཚན་ནི་གཅིག་སྒྲིལ་རྫོང་གི་དགེ་མཚན་ཆེས་ཆེན་པོ་ཡིན་པའི་ཐུན་མོང་གི་འདུ་ཤེས་ཆགས་ཡོད་ལ། ཁོར་ཡུག་ལེགས་བཅོས་བྱེད་པའི་ཁྲོད་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་།
རྒྱུས་ལོན་བྱུང་བ་ལྟར་ན། གཅིག་སྒྲིལ་རྫོང་གིས་སྔ་གཞུག་ཏུ་གཅིག་སྒྲིལ་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་འགན་འཁྲི་གཏན་ཁེལ་དང་གཅིག་སྒྲིལ་རྫོང་གི་ཉིས་སྟོང་བཅུ་བདུན་ལོའི་རྒྱལ་ཁབ་སྐྱེ་ཁམས་ནུས་ཁུངས་ཁུལ་གྱི་རྫོང་ཁོངས་གཙོ་བོའི་ཁོར་ཡུག་སྤུས་ཚད་དཔྱད་ཞིབ་ལག་བསྟར་ཇུས་གཞི་གཏན་ཁེལ་བྱས་ཏེ་ཕྱིར་བཏོན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འགན་འཁྲི་ཞང་གྲོང་སོ་སོ་དང་སྡེ་ཁག་སོ་སོར་བགོས་ཏེ་རིམ་པ་རེ་རེ་བཞིན་དམིགས་འབེན་འགན་འཁྲིའི་ཡི་གེ་བཀོད་པ་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ཏེ་ཏང་སྲིད་འགན་གཅིག་དང་གཏོགས་དབང་གསལ་བོ་ཡིན་པ། དབང་ཆ་དང་འགན་འཁྲི་གཅིག་གྱུར་ཡིན་པའི་བྱ་བའི་འགན་འཁྲིའི་མ་ལག་གྲུབ་པར་བྱས་ནས་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་བྱེད་པར་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་བཙུགས།
དེ་དང་མཉམ་དུ། གཅིག་སྒྲིལ་རྫོང་གིས་ཤུགས་ཆེན་པོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོ་སྒྲོག་འགྲེལ་བྱས་པ་དང་གཞི་རིམ་དུ་སོང་སྟེ་རྟོག་ཞིབ་བྱེད་པ། ཚན་རྩལ་དང་རིག་གནས། འཕྲོད་བསྟེན་ཞང་སྡེར་བསྐྱོད་པའི་བྱ་འགུལ་སྤེལ་ཏེ་ཧུར་ཐག་གིས་སྤྱི་ཚོགས་ཡོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་པའི་སྣང་ཚུལ་བཟང་བོ་སྐྲུན་པ་དང་སྤྱི་ཚོགས་ཡོངས་མཉམ་ཞུགས་བྱེད་པ་དང་ཕྱོགས་མང་མཉམ་འགུལ་བྱེད་པ། གཅིག་བསྡུས་དམ་འཛིན་དང་མཉམ་དུ་དོ་དམ་བྱེད་པའི་ཁོར་ཡུག་སྲུང་སྐྱོབ་བྱ་བའི་རྣམ་པ་གྲུབ་པར་བྱས།
དེ་ལས་གཞན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱིས་འབྲོག་པ་མང་ཚོགས་ཀྱིས་ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བསམ་བློའི་འདུ་ཤེས་ལ་སྐུལ་འདེད་བཏང་སྟེ་རྫོང་ཡོངས་སུ་བསྡོམས་པས་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་རྟེན་གཞི་བརྒྱད་འཛུགས་སྐྲུན་བྱས་པར་མ་ཟད། མཉམ་ལས་ཁང་དང་འབྲོག་ཁྱིམ། རྟེན་གཞི་བཅས་མཉམ་བསྲེས་ཡིན་པའི་ཐོན་ལས་ཅན་གྲུབ་པར་བྱས། ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་བཏང་བ་བརྒྱུད། ནུས་ཡོད་སྒོས་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་སྣེ་ཁྲིད་བྱས་ལ། ཚད་མཐོན་པོའི་སྒོ་ནས་ཐོན་ལས་འཕེལ་རྒྱས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཐེབས་པའི་ཤུགས་རྐྱེན་ཇེ་ཉུང་དུ་བཏང་སྟེ་སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་མཉམ་རྒྱལ་གྱི་དམིགས་འབེན་ལ་སླེབས་པར་བྱས།