ཚོགས་རའི་ཡུལ་དངོས།
འགོ་ཁྲིད་རྣམས་ཀྱིས་དབུལ་ཁྱིམ་དུ་དྲོད་ཁོལ་སྐྱེལ་བཞིན་པ།
ཟླ་དང་པོའི་ཚེས་གཉིས་ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་སྟག་ཐོག་ཞང་གིས་ཉིས་སྟོང་བཅོ་བརྒྱད་ལོའི་ཞང་དང་སྡེ་བ་རིམ་པ་གཉིས་ཀྱི་བྱ་བའི་བཀོད་སྒྲིག་ཚོགས་འདུ་སྐབས་དང་པོ་བསྡུས་པ་དང་། ཚོགས་ཐོག་ནས་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་གནད་འཁེལ་དབུལ་སྐྱོར་སྐོར་གྱི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས་ཏེ། རྒྱལ་ཁབ་རིམ་པའི་གནད་འཁེལ་དབུལ་སྐྱོར་ལྟ་ཞིབ་ཚོགས་པ་བསུ་བའི་བྱ་བ་ཞིབ་ཚགས་ཀྱིས་བཀོད་སྒྲིག་བྱས། ཞང་གི་ལས་བྱེད་མི་སྣ་དང་སྡེ་བ་སོ་སོའི་ཨུ་ཡོན་གཉིས་ཀྱི་ལས་བྱེད་པ། དྲ་མིག་དོ་དམ་པ་བཅས་མི་སྣ་བརྒྱ་དང་ལྔ་བཅུ་ལྷག་ཚོགས་འདུར་ཞུགས།
ཚོགས་ཐོག་ནས་མི་འགྱང་པར་སླེབས་ལ་ཉེ་བའི་རྒྱལ་ཁབ་ལྟ་ཞིབ་ལ་དམིགས་ནས་ཕྱོགས་གསུམ་གྱི་བྱ་བ་གཙིགས་ཆེན་དུ་བཟུང་པ་སྟེ། གཅིག གནད་འཁེལ་དབུལ་སྐྱོར་ཕྱོགས་ཀྱི་འབྲེལ་ཡོད་རྒྱུ་ཆ་གཅིག་ཀྱང་མ་ལུས་པར་ཚགས་སུ་ཆུད་པར་བྱེད་དགོས་པ་དང་དག་ཐེར་ལེགས་བཅོས་ཀྱི་ཇུས་གཞི་དང་རྒྱུ་ཆ་འཐུས་ཚང་དུ་གཏོང་བ། གཉིས། བསྡུར་བ་གཉིས་དང་སྒྲིག་སྲོལ་གཅིག་ཡང་བསྐྱར་ཁྱིམ་ཚང་སོ་སོར་བསྐྱོད་ནས་དྲིལ་སྒྲོག་བྱེད་པ། གསུམ། རོགས་སྐྱོར་ཐབས་བཀོད་སྔར་ལས་ལྷག་པར་ནོར་འཁྲུལ་ཅི་ཡང་མེད་པར་གནད་ལ་འཁེལ་བར་བྱེད་པ་བཅས་རེད། རེབ་དེའི་ཚོགས་འདུའི་བླང་བྱ་ནི་རྒྱ་ཆེའི་ལས་བྱེད་མི་སྣའི་ཚད་མཐོན་པོའི་འགན་ཁུར་གྱི་འདུ་ཤེས་བཟུང་ནས་ཁྱིམ་ཚང་རིམ་པ་དང་སྡེ་བ་རིམ་པ། ཞང་རིམ་པ་བཅས་ཀྱི་གནད་འཁེལ་དབུལ་སྐྱོར་བྱ་བ་དོན་འཁྱོལ་བྱས་ཏེ་རྒྱལ་ཁབ་ལྟ་ཞིབ་གདོང་གིས་བསུ་དགོས་པ་དེ་རེད།
གྲོས་ཚོགས་སྟེང་རྒྱ་ཆེའི་ལས་བྱེད་མི་སྣས་འདས་པའི་ལོ་གཅིག་གི་རིང་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞི་རིམ་དུ་སྤེལ་བར་དཀའ་ཁག་ཆེན་པོ་མྱངས་མོད། ད་དུང་སྔར་བཞིན་གནད་འགག་གི་གནས་སྐབས་སུ་ཡོད་པས། ལས་བྱེད་མི་སྣ་ཚང་མས་ངེས་པར་དུ་བསམ་བློའི་སྟེང་ནས་བསྒྲུབས་ཟིན་པའི་བྱ་བར་ཡང་བསྐྱར་དཔྱད་ཞིབ་བྱ་དགོས་པ་དང་། སྔར་བཞིན་གནས་ཡོད་པའི་གནད་དོན་ལ་ཤུགས་ཆེན་པོས་ལེགས་བཅོས་བྱས་ཏེ་ལོ་གཅིག་གི་དཀའ་ཚེགས་ཀྱི་བྱ་བ་ཕུན་སུམ་ཚོགས་པའི་ངང་མཇུག་བསྒྲིལ་དགོས་ཞེས་བསྟན།
ཚོགས་འདུ་གྲོལ་རྗེས། བྱ་ཆུ་སྡེ་བའི་རོགས་སྐྱོར་ལས་ཁུངས་ཏེ། མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཚན་རིག་གླིང་གི་འགོ་ཁྲིད་དང་སྡེ་བའི་ཁ་གཏད་ལས་བྱེད་འགོ་ཁྲིད་པ་ཡང་བསྐྱར་སྡེ་བ་དེའི་དབུལ་ཁྱིམ་དུ་ཕྱིན་ནས་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་སྲིད་ཇུས་དྲིལ་སྒྲོག་དང་དྲོད་ཁོལ་སྐྱེལ་བ་དང་། དོན་དངོས་ཀྱི་བྱ་སྤྱོད་སྟེང་ནས་སྟག་ཐོག་ཞང་དབུལ་ཐར་བྱེད་པར་དམ་བཅས།