མཚོ་སྔོན་གྱིས་རྫོང་རིམ་པ་ལ་རྒྱང་སྒྲོག་བརྙན་འཕྲིན་གྱིས་ཁེབས་པར་བྱས།
2018.01.04 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 9

ཉིས་སྟོང་བཅོ་བརྒྱད་ལོའི་ལོ་འགོར། མཚོ་སྔོན་ཞིང་ཆེན་གྱིས་རྫོང་རིམ་པ་ལ་རྒྱང་སྒྲོག་བརྙན་འཕྲིན་གྱིས་ཁེབས་པར་བྱས། དཔའ་ལུང་དང་ཆི་ལེན། དགའ་བདེ། པད་མ། རྨ་ཆེན། རྫ་སྟོད། ཆུ་དམར་ལེབ་བཅས་རྫོང་བདུན་གྱི་རྫོང་རིམ་པའི་རྒྱང་སྒྲོག་བརྙན་འཕྲིན་དངོས་སུ་ཤར་གཏོང་བྱེད་འགོ་ཚུགས། འདི་ཡིས་མཚོ་སྔོན་གྱི་རྫོང་རིམ་པའི་རྒྱང་སྒྲོག་བརྙན་འཕྲིན་ཁང་ལ་ལས་ཁུངས་ཀྱི་མིང་ཐོག་ནས་བཙུགས་མེད་པ་དང་འབོད་མིང་མེད་པའི་ལོ་རྒྱུས་མཇུག་རྫོགས་པ་མཚོན།

རྒྱུས་ལོན་བྱུང་པ་ལྟར་ན། ཉིས་སྟོང་བཅུ་དྲུག་ལོ་ནས་བཟུང་། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་སྤྱི་ཁྱབ་ཅུའུ་ནས་མཆན་བཀོད་བརྒྱུད་དེ། མཚོ་སྔོན་གྱིས་རྫོང་རིམ་པའི་རྒྱང་སྒྲོག་བརྙན་འཕྲིན་ཁང་སོ་གསུམ་བཙུགས་ལ། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་རྫོང་རིམ་པའི་རྒྱང་སྒྲོག་བརྙན་འཕྲིན་གྱི་དྲིལ་སྒྲོག་དོ་དམ་དངོས་འབེབ་སྒྲིག་སྲོལ་ཞིབ་ཕྲ་དང་། མཚོ་སྔོན་ཞིང་ཆེན་རྫོང་རིམ་པའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་དོ་དམ་ལམ་ལུགས་གཉིས་དཔར་ནས་གཏན་འབེབ་བཟོས་ཤིང་། གོམ་གང་མདུན་སྤོས་ཀྱིས་རྫོང་རིམ་པའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཚད་ལྡན་གྱི་དོ་དམ་ལ་ཤུགས་བསྣན་ནས། རྫོང་རིམ་པའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཁྲིམས་ལྟར་རྒྱང་སྒྲོག་དང་བརྙན་འཕྲིན་གྱི་ལས་ཚན་སྒྲུབ་པར་སྐུལ་འདེད་བཏང་། ཉིས་སྟོང་བཅུ་བདུན་ལོ་ནས་བཟུང་། ཆེས་མཐའ་མཇུག་ཤར་གཏོང་བྱས་པའི་རྫོང་རིམ་པའི་རྒྱང་སྒྲོག་བརྙན་འཕྲིན་ཁང་བདུན་གྱི་ཚན་རིག་འཆར་འགོད་དང་། ཧུར་ཐག་གིས་མ་དངུལ་བསྡུ་རུབ་བྱས་པ། སྒྲིག་ཆས་འཛུགས་པར་ཤུགས་བསྣན་པ། ལེ་ཚན་ཇུས་འགོད་ལ་ཞིབ་ཚགས་བཏོད་པ་སོགས་བྱས་ནས། རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཤར་གཏོང་བྱ་བ་དེ་བདེ་ལེགས་ངང་ཡོངས་འགྲུབ་བྱས། རྫོང་རིམ་པའི་རྒྱང་སྒྲོག་བརྙན་འཕྲིན་ཁང་བདུན་པོ་འདི་ཡི་ལེ་ཚན་ཤར་གཏོང་བྱས་རྗེས། དེ་ནི་རྫོང་རིམ་པའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་གི་ལམ་ཕྱོགས་དང་སྲིད་ཇུས་དྲིལ་སྒྲོག་བྱེད་པའི་ཐབས་ལམ་གཙོ་བོར་གྱུར་ལ། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། ཕྱི་རུ་དྲིལ་སྒྲོག་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར།