གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་སྐབས་གཉིས་པའི་བཟོ་སྐྲུན་ཐད་བསྡོམས་པས་སྒོར་དུང་ཕྱུར་དགུ་བཏང་བ་དང་། བསྡོམས་པས་ས་ནག་ཐང་བཅོས་སྐྱོང་དང་བརླན་ས་གལ་ཆེན་ལ་སྲུང་སྐྱོབ། མིའི་བཟོས་ནགས་སྐྲུན་སོགས་སྐྱེ་ཁམས་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་ཁེལ་བྱས་པའི་ལོ་ཧྲིལ་བོའི་བྱ་བའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས། ཆེས་གསར་བའི་ལྟ་ཞིབ་ཚད་ལེན་གཞི་གྲངས་ལས་མངོན་པ་ལྟར་ན། ལོ་བཅུ་ལྷག་གིས་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་བརྒྱུད་དེ། མིག་སྔར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་གནས་བབ་ཧྲིལ་བོ་ཇེ་ལེགས་སུ་སོང་བ་དང་། ཆུ་ཇེ་རྒྱས་དང་ལྗང་བསྒྱུར་ཐད་ཀྱི་གྲུབ་འབྲས་མངོན་གསལ་བླངས།
ངོ་སྤྲོད་བྱས་པ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་སྐབས་གཉིས་པའི་བཟོ་སྐྲུན་ལག་བསྟར་གཏིང་ཟབ་བྱས་པ་དང་བསྟུན་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་མཚེའུ་དང་བརླན་སའི་རྒྱ་ཁྱོན་ཇེ་ཆེར་སོང་བ་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཐད་ནས་སྲུང་སྐྱོབ་བཟང་བོ་ཐོབ་ལ། ལྟ་ཞིབ་ཚད་ལེན་ཁུལ་ཁོངས་ནང་གི་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ་སོགས་བྱ་རིགས་དང་གཙོད་སོགས་ཀྱི་གྲངས་ཀ་ཡང་རྒྱུན་མ་ཆད་པར་ཇེ་མང་དུ་སོང་།
མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་རིགས་སྣ་ཇེ་མང་དུ་གཏོང་བའི་ཐད་རྒྱ་ཆེའི་འཚོ་སྡོད་ཁོར་ཡུག་འདོན་སྤྲོད་བྱས། གཞན་བསྡོམས་རྩིས་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱིས་ལོ་རེར་ཆུའི་སྨད་རྒྱུད་ཀྱི་ཞིང་ཆེན་དུ་སྤུས་ལེགས་ཆུའི་ཐོན་ཁུངས་རྨིད་གྲུ་བཞི་ལྷམ་པ་ཐེར་ཆེན་དྲུག་སྐྱེལ་འདྲེན་བྱས་ནས། རྒྱལ་ཡོངས་ཀྱི་མི་གྲངས་འདུས་སྡོད་ཁུལ་དང་དཔལ་འབྱོར་ཁུལ་གཙོ་བོའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས།
ད་ལོ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་སྐབས་གཉིས་པའི་བཟོ་སྐྲུན་འཆར་འགོད་ཐད་ཀྱི་གནད་འགག་གི་ལོ་གཅིག་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་འཛུགས་སྐྲུན་དང་སྲུང་སྐྱོབ་གཞུང་སྒྲུབ་ཁང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་ལྟ་བ་བརྟན་པོ་འཛུགས་པ། ཆུ་དྭངས་རི་ལྗང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་འཛུགས་པ་དང་ལག་བསྟར་བྱེད་པ། བསྒྱུར་དགོས་པ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལག་བསྟར་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐབས་གཉིས་པའི་བཟོ་སྐྲུན་འཛུགས་སྐྲུན་བརྟན་བརླིང་ངང་སྤེལ་རྒྱུ་རེད།