མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་བརྡ་སྦྱོར་སྤེལ་ནས་ལུགས་རྙིང་ལོ་སར་སྔོན་གྱི་ཞིང་བ་ཞོར་ལས་པའི་ཟླ་ཕོགས་སྟེར་བའི་བྱ་བར་བཀོད་སྒྲིག་བྱས།
2018.01.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་བ་ཞོར་ལས་པའི་ཟླ་ཕོགས་སྟེར་བའི་བྱ་བ་སྔར་ལས་བཟང་བོར་བསྒྲུབ་ནས། ཞིང་བ་ཞོར་ལས་པས་ཟླ་ཕོགས་བླངས་ནས་ཕྱིར་ཕ་ཡུལ་དུ་ལོག་ཐུབ་པར་ཁག་ཐེག་བྱེད་ཆེད། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཉེ་ལམ་བརྡ་སྦྱོར་སྤེལ་ནས། 2018ལོའི་ལུགས་རྙིང་ལོ་སར་སྔོན་གྱི་ཞིང་བ་ཞོར་ལས་པའི་ཟླ་ཕོགས་སྟེར་བར་འགན་སྲུང་བྱེད་པའི་བྱ་བར་ཡང་བསྐྱར་བཀོད་སྒྲིག་བྱས།

བརྡ་སྦྱོར་ནང་། རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་སྤྱི་བདེ། ནོར་སྲིད། སྡོད་ཁང་འཛུགས་སྐྲུན་སོགས་ཞིང་བ་ཞོར་ལས་པའི་ཟླ་ཕོགས་སྟེར་བར་འགན་སྲུང་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་སྡེ་ཁག་དང་མཐུན་སྦྱོར་བྱས་ནས། མཉམ་འབྲེལ་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་བཙུགས་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་ལས་རིགས་གཙོ་བོ་དང་ཁྱབ་ཁོངས་གཙོ་བོར་ཞིབ་བཤེར་བྱས། ཆེད་དོན་ཞིབ་བཤེར་ཐད་ནས་གཙོ་གནད་འབུར་ཐོན་བྱས་ནས། ལུགས་རྙིང་ལོ་སར་སྔོན་གྱི་ཟླ་ཕོགས་ཆད་ལུས་བྱེད་པའི་གྱོད་གཞི་དང་ཞིང་བ་ཞོར་ལས་པའི་མི་གྲངས་མངོན་གསལ་སྒོས་ཇེ་ཉུང་དུ་གཏོང་བ་དང་། ཟླ་ཕོགས་ཆད་ལུས་བྱས་པར་བརྟེན་ནས་བྱུང་བའི་ཚོགས་ཁག་རང་བཞིན་གྱི་དོན་རྐྱེན་གྱི་གྲངས་ཀ་མངོན་གསལ་སྒོས་ཇེ་ཉུང་དུ་བཏང་སྟེ། རྒྱ་ཆེའི་ཞིང་བ་ཞོར་ལས་པའི་ཟླ་ཕོགས་ཐད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན།

བརྡ་སྦྱོར་ནང་ས་ཆ་སོ་སོས«གྲོང་ཁྱེར་དང་ཁུལ་སོ་སོའི་ཞིང་བ་ཞོར་ལས་པའི་ཟླ་ཕོགས་ཆད་ལུས་ཐད་ཀྱི་གྱོད་གཞིའི་རྩིས་ཐོ»དང«ཞིང་བ་ཞོར་ལས་པའི་ཟླ་ཕོགས་ཐད་ཀྱི་གྱོད་གཞིའི་སྙན་ཞུ་བརྡ་སྦྱོར་ཡི་གེ»དང་འབྲེལ་བའི་གྱོད་གཞི་ཐད་ནས་མི་སྣ་བཀོད་སྒྲིག་བྱེད་པ་དང་། འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། དུས་བཅད་གསལ་བོ་བྱས་ཏེ། ཟླ་ཕོགས་ཆད་ལུས་གནད་དོན་དུས་ལྟར་ཕན་པ་ཡོད་པའི་སྒོ་ནས་ཐག་གཅོད་པར་ཁག་ཐེག་བྱེད་དགོས། དེ་དང་མཉམ་དུ། དུས་ལྟར་ཞུ་གཏུག་བྱས་པའི་གྱོད་གཞི་ལ་ཞིབ་བཤེར་བྱེད་པ་དང་། བསམ་བཞིན་དུ་ཟླ་ཕོགས་ཆད་ལུས་བྱེད་པ་དང་ཟླ་ཕོགས་མི་སྟེར་བར་གྲོས་བྱོལ་བྱས་པའི་ཁྲིམས་འགལ་ཉེས་དོན། དུས་ལྟར་སྤྱི་བདེ་ལས་ཁུངས་ལ་བརྒྱུད་སྤྲོད་བྱེད་པ་དང་། ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་དགོས་པའི་རེ་བ་བཏོན།

བརྡ་སྦྱོར་ནང་བསྟན་དོན། ས་ཆ་སོ་སོས་མངའ་ཁུལ་ནང་གི་ཁེ་ལས་ཀྱི་ཟླ་ཕོགས་སྟེར་བའི་གནས་ཚུལ་ལ་ལྟ་རྟོག་དང་ཚོད་འཛིན་བྱེད་པའི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱིས་དུས་ཚོད་ཐུང་ཐུང་ནང་ཞིང་བ་ཞོར་ལས་པའི་ཟླ་ཕོགས་ཆད་ལུས་བྱས་པའི་གནད་དོན་ཐག་གཅོད་མ་ཐུབ་པ་དང་ཁེ་ལས་པས་ཟླ་ཕོགས་ཆད་ལུས་བྱས་རྗེས་གྲོས་བྱོལ་བྱས་པར། དུས་ལྟར་འཕྲལ་བསྟུན་འཁོར་རྒྱུག་མ་དངུལ་དང་ཟླ་ཕོགས་འགན་སྲུང་དངུལ་བཀོལ་བ་དང་། ཡང་ན་བྱེད་ཐབས་གཞན་པ་སྤྱད་དེ་མ་དངུལ་གྲབས་གསོག་བྱས་ནས། ཟླ་ཕོགས་ཁ་ཤས་སྟེར་བ་དང་ཡང་ན་གཞི་རྩའི་འཚོ་བའི་གྲོན་དངུལ་བྱིན་ནས། ཟླ་ཕོགས་ཆད་ལུས་བྱས་པའི་ཞིང་བ་ཞོར་ལས་པའི་གནས་སྐབས་ཀྱི་འཚོ་བའི་དཀའ་ཁག་ཐག་གཅོད་བྱེད་རོགས་བྱེད་དགོས་ཟེར།

བརྡ་སྦྱོར་ནང་ཁེ་ལས་ཀྱིས་ཟླ་ཕོགས་ཆད་ལུས་བྱས་པའི་གནད་དོན་ཐག་གཅོད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་སྡེ་ཁག་སོ་སོས་གཞོགས་འདེགས་དམ་པོ་བྱས་ནས། ས་ཁུལ་གཙོ་བོ་དང་ལས་རིགས་གཙོ་བོར་ཁ་གཏད་དེ་མཉམ་འབྲེལ་ལྟ་ཞིབ་བྱེད་པ་དང་། ཁྲིམས་འགལ་གྱོད་གཞི་ཚབས་ཆེན་ཐད་ནས་བྱང་བུ་བཀལ་ནས་ལྟ་སྒྲུབ་བྱས་ཏེ། ལུགས་རྙིང་ལོ་སར་སྔོན་དུ་ཟླ་ཕོགས་སྟེར་བར་འགན་སྲུང་བྱེད་པའི་བྱ་བ་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་པ་དང་། ལྟ་སྐུལ་དོ་དམ་འགན་འཁྲི་ལག་བསྟར་ནན་མོ་མ་བྱས་པ་དང་། བྱ་བའི་རྩ་འཛུགས་བཟང་བོ་མ་བྱས་པ། ཞིང་བ་ཞོར་ལས་པའི་ཟླ་ཕོགས་སྟེར་བའི་གནད་དོན་ཐད་ནས་དལ་འགྱངས་བྱེད་པ་དང་བྱ་བ་བསྒྲུབ་པ་མི་བཟང་བའི་སྡེ་ཁག་ལ། ལྟ་སྐུལ་ཆད་གཅོད་ནན་མོ་བྱེད་པ་དང་། འགན་འཁྲི་རྩད་གཅོད་བྱེད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། འབྲེལ་ཡོད་མགོ་ཁྲིད་དང་འགན་འཁྲི་མི་སྣའི་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས་ཞེས་བསྟན་ཡོད།