ཉེ་ལམ། མཚོ་སྔོན་ཞིང་ཆེན་བདེ་འཇགས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཞིང་ཆེན་ཡོངས་ཀྱི་ཉེན་ཁ་ཆེ་བའི་རྫས་འགྱུར་ཐོན་རྫས་ཐོན་སྐྱེད་བྱེད་པའི་ཁེ་ལས་ཀྱི་འགན་ཁུར་མི་སྣར་བདེ་འཇགས་ཐོན་སྐྱེད་སྐོར་ནས་ཆེད་དོན་ཟབ་སྦྱོང་འཛིན་གྲྭ་བསྒྲུབས་ཤིང་། ཞིང་ཆེན་ཡོངས་ཀྱི་ཉེན་ཁ་ཆེ་བའི་རྫས་འགྱུར་ཐོན་རྫས་ཐོན་སྐྱེད་བྱེད་པའི་ཁེ་ལས་དང་། གནད་སའི་གསོག་འཇོག ཚོང་གཉེར། ཁེ་ལས་བཀོལ་སྤྱོད་སྐོར་གྱི་འགན་ཁུར་མི་སྣ། བདེ་འཇགས་དོ་དམ་སྐོར་གྱི་འགན་ཁུར་མི་སྣ་སོགས་ཁྱོན་བསྡོམས་མི་བརྒྱ་དང་དྲུག་ཅུ་ལྷག་ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭར་ཞུགས།
ཟབ་སྦྱོང་འཛིན་གྲྭས་ཐོན་སྐྱེད་ཚོང་གཉེར་ལས་ཁུངས་ཀྱི་འགན་ཁུར་མི་སྣ་གཙོ་བོ་དང་བདེ་འཇགས་ཐོན་སྐྱེད་དོ་དམ་མི་སྣའི་ཟབ་སྦྱོང་རྩ་འཛིན་བླང་བྱ་ལྟར་དུ། བྱ་བ་དངོས་དང་ཟུང་དུ་སྦྲེལ་ཏེ། རྒྱལ་ནང་དང་ཞིང་ཆེན་ནང་ཁུལ་གྱི་ཉེན་ཁ་ཆེ་བའི་རྫས་འགྱུར་ཐོན་རྫས་ཁྱབ་ཁོངས་ཀྱི་ཆེད་མཁས་པ་གདན་དྲངས་ནས། བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་བསམ་འཆར་སྒྲོག་འདོན་དང་། ཉེན་ཁ་ཆེ་བའི་རྫས་འགྱུར་ཐོན་རྫས་བདེ་འཇགས་དོ་དམ་སྐོར་ནས་ཆེད་དོན་འཆད་ཁྲིད་སྤེལ་བར་མ་ཟད། ཁེ་ལས་ཉེན་སེལ་ལ་དབྱེ་ཞིབ་དང་དཔྱད་ཞིབ་བྱེད་པ། རྫས་འགྱུར་ཐོན་སྐྱེད་གོ་རིམ་ལ་དོ་དམ་བྱེད་པ། གྱོད་དོན་དཔེ་མཚོན་ཅན་ལ་དབྱེ་ཞིབ་བྱེད་པ་སོགས་སློབ་ཁྲིད་བརྒྱད་ཆེད་དུ་བཀོད་སྒྲིག་བྱས།