ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གཉིས་ཀྱིས་རྒྱལ་ཁབ་ལས་ཁུངས་ཀྱི་སུས་ཁྲིམས་འཛིན་པ་དང་སུས་ཁྲིམས་ཁྱབ་གདལ་གཏོང་བའི་འགན་འཁྲིའི་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར་དཔར་ནས་བཀྲམ་སྟེ་སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་སྒྲོག་སློབ་གསོའི་ནང་རྐྱེན་འཐུས་ཚང་དུ་བཏང་།
ལག་བསྟར་བསམ་འཆར་ལས་འགན་འཁྲི་བརྒྱད་གཏན་ཁེལ་གསལ་བོ་བྱས་ཡོད་དེ། གཅིག་ནི་ཁྲིམས་ཁྱབ་གདལ་གཏོང་བའི་ལམ་ལུགས་འཛུགས་དགོས། ཁྲིམས་ཁྱབ་གདལ་གཏོང་བའི་བྱ་བ་དེ་སྡེ་ཁག་གི་བྱ་བའི་སྤྱི་ཡོངས་ཀྱི་བཀོད་སྒྲིག་ནང་འཇོག་པ་དང་ཁྲིམས་ཁྱབ་གདལ་གཏོང་བའི་འཆར་འགོད་དང་ལོ་རེའི་ཁྲིམས་ཁྱབ་གདལ་གཏོང་བའི་འཆར་གཞི་གཏན་འཁེལ་བྱས་ཏེ་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་སྒྲོག་བྱེད་པའི་འབྲེལ་ཡོད་སྡེ་ཁག་འཛུགས་སྐྲུན་བྱེད་པ། གཉིས་ནི་ཁྲིམས་ལུགས་ཁྱབ་གདལ་གྱི་ནང་དོན་གཏན་ཁེལ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་ལུགས་མ་ལག་ལ་སློབ་སྦྱོང་གཏིང་ཟབ་བྱེད་དགོས་པ་དང་རང་སྡེ་ཁག་གི་འགན་འཁྲི་དང་འབྲེལ་བ་ཡོད་པའི་ཁྲིམས་ལུགས་ཁྲིམས་སྲོལ་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་ཀྱི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ་རྩ་ཁྲིམས་སློབ་སྦྱོང་དང་དྲིལ་སྒྲོག་བཟང་བོ་བྱེད་དགོས། གསུམ་ནི་དོན་དངོས་དང་མཐུན་པའི་སྒོ་ནས་མ་ལག་འདིའི་ཁྲིམས་ཁྱབ་གདལ་བྱ་བ་བཟང་བོར་སྒྲུབ་དགོས། ཏང་ཨུའི་ལྟེ་གནས་ཚན་ཆུང་གི་ཁྲིམས་སློབ་སྦྱོང་བྱེད་པའི་ལམ་ལུགས་དང་ཉིན་རྒྱུན་གྱི་ཁྲིམས་སློབ་སྦྱོང་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་རྒྱལ་ཁབ་ལས་བྱེད་མི་སྣའི་ཁྲིམས་སྐྱོང་གསོ་སྦྱོང་དང་ཁྲིམས་ལུགས་སློབ་སྦྱོང་། ཁྲིམས་བཀོལ་སྤྱོད་བྱེད་པ་བཅས་ཐད་ཀྱི་རྒྱུགས་ལེན་དཔྱད་ཞིབ་ཇེ་དྲག་ཏུ་གཏོང་དགོས། བཞི་ནི་ཁྲིམས་སྲོལ་དང་སྲོལ་ཡིག་འཆར་འགོད་གཏན་ཁེལ་བྱེད་པའི་གོ་རིམ་བེད་སྤྱོད་གང་ལེགས་བྱས་ཏེ་སྤྱི་ཚོགས་ཡོངས་ལ་ཁ་གཏད་དེ་ཁྲིམས་ལུགས་ཁྱབ་གདལ་གཏོང་དགོས། ལྔ་ནི་དཀའ་གནད་དང་གནད་དོན་གཙོ་བོར་དམིགས་ནས་སྤྱི་ཚོགས་ཡོངས་ལ་ཁྲིམས་ལུགས་ཁྱབ་གདལ་བྱེད་པའི་བྱ་བ་སྤེལ་དགོས། དྲུག་ནི་མི་རིགས་ས་ཁུལ་གྱི་ཁྲིམས་ལུགས་ཁྱབ་གདལ་བྱ་བའི་ནུས་པ་མཐོར་འདེགས་གཏོང་དགོས། ཤུགས་ཆེན་པོས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་སྒྲོག་བྱེད་དགོས། བདུན་ནི་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་པོ། སྲིད་འཛིན་ཁྲིམས་འཛིན་དཔོན་པོ། ཁྲིམས་རྩོད་པ་སོགས་ཀྱིས་གྱོད་གཞི་ལྟར་ཁྲིམས་ལུགས་འགྲེལ་བཤད་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱེད་དགོས། བརྒྱད་ནི་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་བྱ་བའི་བྱེད་ཐབས་གསར་གཏོད་བྱེད་དགོས། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱེད་པ་དང་ཁྱོན་ཡོངས་ནས་ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་བྱས་ཏེ་རིམ་པ་མང་པ་དང་ལངས་གཟུགས་ཅན། ཕྱོགས་ཡོངས་ལ་ཁེབས་པའི་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་སྒྲོག་བྱེད་པའི་དྲ་རྒྱ་འཛུགས་སྐྲུན་བྱེད་དགོས་པ་བཅས་རེད།
ལག་བསྟར་བསམ་འཆར་ལས་བསྟན་དོན། ཁྲིམས་ལུགས་ཁྱབ་གདལ་འགན་འཁྲིའི་གསལ་ཁྲ་ལམ་ལུགས་དང་བྱ་བའི་སྙན་ཞུ་དང་འབྲེལ་གཏུག་གྲོས་ཚོགས་ལམ་ལུགས། དུས་ཆེན་གཙོ་བོའི་གཅིག་བསྡུས་དྲིལ་སྒྲོག་ལམ་ལུགས་སོགས་འཛུགས་སྐྲུན་བྱེད་པ་དང་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་སྒྲོག་སློབ་གསོའི་བྱ་བ་དེ་དཔྱད་ཞིབ་བྱ་བའི་ཁྲོད་བཞག་སྟེ་རྒྱལ་ཁབ་ལས་ཁུངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་འགན་འཁྲི་གཟབ་ནན་ཏུ་གཏོང་དགོས།
ལག་བསྟར་བསམ་འཆར་ལས་རིམ་པ་སོ་སོའི་ཏང་ཨུས་ཁྲིམས་ལུགས་ཁྱབ་གདལ་བྱ་བའི་འགོ་ཁྲིད་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱིས་སྣེ་ཁྲིད་དེ་ཁྲིམས་བརྩི་བ་དང་ཁྲིམས་སློབ་པ། ཁྲིམས་སྲུང་བ། ཁྲིམས་བཀོལ་སྤྱོད་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་ཀྱིས་སུས་ཁྲིམས་འཛིན་པ་དང་སུས་ཁྲིམས་ཁྱབ་གདལ་གཏོང་བའི་འགན་འཁྲིའི་ལམ་ལུགས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་གཏོང་བ་དང་དྲིལ་སྒྲོག་སློབ་གསོའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ། ཁྲིམས་ལྟར་ཞིང་ཆེན་སྐྱོང་བ་བཅས་ཁྲོད་ཀྱི་ནུས་པ་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་སུས་ཁྲིམས་འཛིན་པ་དང་སུས་ཁྲིམས་ཁྱབ་གདལ་གཏོང་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།