བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས།
2018.01.09 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 6

གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་ཤེས་གསལ་ལྟར་ན། ལྷ་ས་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་དཔེ་སྟོན་ཕྱོགས་བསྡུས་ལག་ལེན་རྟེན་གཞི་དང་ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་གཞོན་ནུ་ལོ་ཆུང་ཚན་རྩལ་ལྟེ་གནས་གཉིས་གྲོས་མཐུན་བྱུང་བར་བསྟུན་ནས་རོགས་སྐྱོར་མ་དངུལ་སྒོར་འབུམ་གཅིག་བརྩོན་ལེན་བྱས་ཏེ་བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་དེ་འཛུགས་པར་བཀོལ་ཡོད། མིག་སྔར་ལས་དོན་ཁང་དེ་བཙུགས་ནས་སྤྱོད་འགོ་བརྩམས་ཡོད།

ལས་དོན་ཁང་དེ་ལྷ་ས་གྲོང་ཁྱེར་སློབ་གསོ་གྲོང་གི་གཞོན་ནུ་ལོ་ཆུང་དཔེ་སྟོན་ཕྱོགས་བསྡུས་ལག་ལེན་རྟེན་གཞིའི་ནང་དུ་ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ100ལྷག་ཙམ་ཡོད་པ་དང་དུས་གཅིག་ལ་སློབ་མ40ལྷག་ཙམ་གྱིས་བྱེད་སྒོ་སྤེལ་ཐུབ། ཚན་རིག་ལས་དོན་ཁང་དེ་བྱེད་ནུས་གཞིར་བཟུང་ནས་སློབ་ཁྲིད་ཁུལ་དང་ཕྱོགས་བསྡུས་ལག་ལེན་ཁུལ་གཉིས་ལ་དབྱེ་ཡོད་པ་དང་། བྱེད་སྒོའི་ནང་དོན་གཞིར་བཟུང་ནས་འཕྲུལ་མི་སྒྲིག་སྦྱོར་དང་མ་ལག་སྒྲིག་བཟོའི་ཁུལ་དང་། 3Dཔར་འདེབས་བཀོལ་སྤྱོད་ཁུལ། མི་མེད་གནམ་གྲུ་ཚོད་ལྟའི་ཁུལ་བཅས་སུ་དབྱེ་ཡོད།

ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་གི་དཔེ་སྟོན་ཕྱོགས་བསྡུས་ལག་ལེན་རྟེན་གཞིའི་ཀྲུའུ་རེན་བཀྲ་ཕུན་གྱིས་བཤད་རྒྱུར། “བོད་ལྗོངས་ཀྱི་མངོན་འགྱུར་མཁན་གྱི་སློབ་གསོའི་བྱེད་སྒོའི་འབྲེལ་ཡོད་སྟོང་ཆ་བསྐངས་ནས་ཚན་རྩལ་སློབ་གསོའི་འཕེལ་རྒྱས་ཀྱི་གོམ་སྟབས་དང་དམ་པོར་སྦྲེལ་ཆེད། ལས་དོན་ཁང་གིས་བརྒྱུད་རིམ་ལྡན་པའི་ངང་མངོན་འགྱུར་མཁན་གྱི་སློབ་གསོ་གཏོང་སྟངས་ནང་འདྲེན་བྱས་པ་དང་། གཞོན་ནུ་ལོ་ཆུང་གི་གསར་གཏོད་བསམ་བློ་དང་། རུ་ཁག་མཉམ་ལས། ལག་པ་སྒུལ་ནུས་བཅས་གསོ་སྐྱོང་ཤུགས་ཆེན་བྱས་ཏེ་གཞོན་ནུ་ལོ་ཆུང་རྣམས་ལ་ཆ་རྐྱེན་ལྡན་པ་དང་། ཁོར་ཡུག་ཡོད་པ། ཡིད་འགུག་གི་ནུས་པ་ལྡན་པ་བཅས་ཀྱི་སློབ་ཕྱིའི་ཚན་རྩལ་སློབ་གསོའི་བྱེད་སྒོ་སྤེལ་ཡུལ་ཞིག་འདོན་སྤྲོད་བྱས་ཡོད་ཟེར།