མིག་སྔར། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་ཞིང་ཆེན་གྱི་མཁར་གྲོང་གི་སྡོད་ཁང་གནས་ཚུལ་ལ་རྟོག་ཞིབ་བྱས་པའི་སྙན་ཞུ་དང་མཁར་གྲོང་གི་སྡོད་ཁང་དང་མཁར་གྲོང་གི་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན། རོང་འབྲོག་ཁུལ་གྱི་སྡོད་ཁང་བཅས་སྙན་ཞུ་ཁག་གསུམ་ལ་གྲོས་འཆམ་བྱུང་བ་དང་། དེས་ཉེ་བའི་ལོ་གཅིག་རིང་གི་ཞིང་ཆེན་ཡོངས་ཀྱི་སྡོད་ཁང་གནས་ཚུལ་གྱི་རྟོག་ཞིབ་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱས་པ་མཚོན་ཡོད།
ཁྱོན་ཡོངས་ནས་མཁར་གྲོང་གི་སྡོད་ཁང་འཛུགས་སྐྲུན་གྱི་ལོ་སུམ་ཅུའི་རིང་གི་བྱ་བའི་ཉམས་མྱོང་སྤྱི་སྡོམ་བྱེད་པ་དང་ཚན་རིག་ལྟར་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྗེས་ཀྱི་ལོ་གསུམ་དང་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྐབས་ཀྱི་མཁར་གྲོང་གི་སྡོད་ཁང་འཕེལ་རྒྱས་ཁ་ཕྱོགས་དང་གཞི་ཁྱོན་ལ་འཆར་འགོད་བྱེད་ཆེད། ཉིས་སྟོང་བཅུ་བདུན་ལོའི་ཟླ་གཉིས་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་མཁར་གྲོང་སྡོད་ཁང་ལ་རྟོག་ཞིབ་བྱེད་པའི་བྱ་བ་བཀོད་སྒྲིག་བྱས། གསར་འགོད་པས་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཁྱོན་ཡོངས་ནས་ཐེངས་འདིའི་བྱ་བ་སྤེལ་ཆེད། ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་མཁར་གྲོང་གི་སྡོད་ཁང་གནས་ཚུལ་ལ་རྟོག་ཞིབ་བྱེད་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་། ཉིན་བརྒྱའི་མཁྲེགས་གཏོར་ཁྲོད། འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་སྡོད་ཁང་ལ་རྟོག་ཞིབ་བྱེད་པའི་བྱ་བའི་ལག་བསྟར་ཇུས་གཞིར་འཆར་འགོད་བྱས་ཏེ་དཔར་ནས་བཀྲམ་པར་མ་ཟད། རྩ་འཛུགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སྐུལ་སློང་ཚོགས་ཆེན་བསྡུས་པ་དང་ས་ཁུལ་སོ་སོའི་ཞིབ་བཤེར་མི་སྣར་གསོ་སྦྱོང་ཐེངས་མང་པོ་བྱས་ལ། གཅིག་གྱུར་ཚད་གཞི་ལྟར་སྡོད་ཁང་ཞིབ་བཤེར་བྱ་བ་སྤེལ།
ས་གནས་སོ་སོའི་སྲིད་གཞུང་གིས་སྲང་ལམ་དོན་གཅོད་ཁང་དང་ཞང་དང་གྲོང་རྡལ་གྱི་སྲིད་གཞུང་། གླིང་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་སོགས་རྩ་འཛུགས་བྱས་པ་བརྒྱུད་ནས་གཞིས་ཁུལ་དང་དངོས་བདག་ཞབས་ཞུའི་ཁེ་ལས་སོགས་གཞི་རིམ་གྱི་སྟོབས་ཤུགས་རྟོག་ཞིབ་བྱ་བའི་ཁྲོད་ཞུགས་པར་སྐུལ་སློང་གང་ལེགས་བྱས་ཏེ་རྟོག་ཞིབ་བྱ་བ་བཟང་བོར་བསྒྲུབས་པར་མ་ཟར། གཞིས་ཁུལ་གྱི་དངོས་བདག་དོ་དམ་དང་རླངས་འཁོར་འཇོག་ས། དྲོད་འདོན་བྱེད་ཐབས་སོགས་ཀྱི་གནས་ཚུལ་ཐད་ཞིབ་བཤེར་ནན་མོ་བྱས་ཏེ་ཞིབ་བཤེར་བསྡོམས་རྩིས་གཞི་གྲངས་ཀྱི་ཁྱོན་ཡོངས་ཀྱི་ཡང་དག་རང་བཞིན་ལ་འགན་སྲུང་བྱས། གོ་རིམ་རྗེས་མར། མཚོ་སྔོན་ཞིང་ཆེན་གྱིས་མཁར་གྲོང་གི་མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་དང་མཁར་གྲོང་གི་སྡོད་ཁང་གི་བསྡོམས་འབོར་སོགས་འབྲེལ་ཡོད་ཞིབ་བཤེར་གཞི་གྲངས་འོས་འཚམ་སྒོས་ཁྱབ་བསྒྲགས་བྱས་ཏེ་གཞི་གྲངས་མཉམ་སྤྱོད་མངོན་འགྱུར་བྱེད་རྒྱུ་རེད།