ད་ལོའི་དཔྱིད་དུས་ཀྱི་སྐྱེལ་འདྲེན་སྐབས་སུ་མཚོ་སྔོན་ཞིང་ཆེན་གྱི་འགྲུལ་བ་སྐྱེལ་འདྲེན་བྱེད་ཚད་མི་ས་ཡ་བརྒྱད་ལྷག་ལ་སླེབས་ངེས།
2018.01.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

གསར་འགོད་པས་ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་ཡོངས་དཔྱིད་དུས་སྐྱེལ་འདྲེན་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་དཔྱིད་དུས་ཀྱི་སྐྱེལ་འདྲེན་བྱ་བ་ཟླ་གཉིས་པའི་ཚེས་གཅིག་ཉིན་དངོས་སུ་འགོ་རྩོམ་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་པ་ལྟར་ན། ད་ལོའི་དཔྱིད་དུས་སྐྱེལ་འདྲེན་སྐབས་སུ་མཚོ་སྔོན་ཞིང་ཆེན་གྱི་འགྲུལ་བ་སྐྱེལ་འདྲེན་བྱེད་ཚད་མི་ས་ཡ་བརྒྱད་ལྷག་ལ་སླེབས་ངེས་པ་དང་ལོ་སྔོན་མའི་དུས་མཉམ་དང་བསྡུར་ན་ཚད་མཐོན་པོས་ཇེ་མང་དུ་འགྲོ་ངེས།

རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོའི་དཔྱིད་དུས་ཀྱི་སྐྱེལ་འདྲེན་བྱ་བ་ལོ་སྔོན་མ་དང་བསྡུར་ན་ཉིན་བཅུའི་རྗེས་སུ་བསྣུར་ཡོད་པ་དང་ཉེ་བའི་ལོ་ལྔའི་རིང་སྐྱེལ་འདྲེན་དུས་ཚོད་ཆེས་འཕྱི་བའི་ཐེངས་ཤིག་རེད། དེ་བས། ད་ལོའི་དཔྱིད་དུས་སྐྱེལ་འདྲེན་སྐབས་སུ་གཉེན་ཉེར་ལྟ་རུ་འགྲོ་བ་དང་ཞོར་ལས་ལ་འགྲོ་བ། ཕན་འགྲོ་ཚུར་འོང་གི་འགྲུལ་བ་མང་བ་བཅས་ཀྱི་ཁྱད་ཆོས་ལྡན།

དེ་མིན། ཉེ་བའི་ལོ་འགའི་རིང་། སྒེར་གྱི་རླངས་འཁོར་ཕྱིར་འགྲོ་བའི་ཚད་མངོན་གསལ་གྱིས་ཇེ་མང་དུ་སོང་བ་དང་འགྲིམ་འགྲུལ་བདེ་འཇགས་དང་གཞུང་ལམ་བདེ་བགྲོད་ཐད་ཀྱི་དཀའ་ཁག་ཇེ་ཆེར་སོང་ཡོད། དགུན་ཚུགས་པའི་ཚུན་ལ། རྡོ་སོལ་དང་འབྲུ་རིགས་སྐྱེལ་འདྲེན་གྱི་དགོས་མཁོ་ཆེ་རུ་སོང་བ་དང་འགྲུལ་བ་དང་དངོས་ཟོག་སྐྱེལ་འདྲེན་ལ་གཅིག་གྱུར་འཆར་འགོད་བྱེད་པའི་གནོན་ཤུགས་ཇེ་ཆེར་སོང་ཡོད། དེ་ལས་གཞན། རྨང་གཞིའི་སྒྲིག་ཆས་རིམ་བཞིན་འཐུས་ཚང་དུ་སོང་བ་དང་བསྟུན་ནས། གཞུང་ལམ་སྐྱེལ་འདྲེན་དང་མཁར་གྲོང་གི་འགྲིམ་འགྲུལ་འབྲེལ་མཐུད་བྱ་བ་བཟང་བོར་སྒྲུབ་པ་དང་འགྲུལ་བ་ཚོའི་འགྲོ་འདུག་ལ་སྟབས་བདེ་སྐྲུན་རྒྱུ་དེ་སྐྱེལ་འདྲེན་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བའི་ནང་དོན་གཙོ་བོར་འགྱུར་ངེས།