མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་བཅོ་བརྒྱད་ལོའི་འགོ་ཁྲིད་ལས་བྱེད་པ་མི་སྒེར་གྱི་འབྲེལ་ཡོད་ལས་དོན་སྙན་ཞུ་བྱེད་པའི་བྱ་བ་ཁྱོན་ཡོངས་ནས་སྤེལ་འགོ་བརྩམས།
2018.01.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

སྔར་ལས་ལྷག་པའི་སྒོ་ནས་འགོ་ཁྲིད་ལས་བྱེད་པ་མི་སྒེར་གྱི་འབྲེལ་ཡོད་ལས་དོན་སྙན་ཞུའི་ལམ་ལུགས་ཀྱིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་གཏིང་ཟབ་ཏུ་འཕེལ་རྒྱས་གཏོང་བ་དང་ལས་བྱེད་པར་གཟབ་ནན་གྱིས་དོ་དམ་དང་ལྟ་སྐུལ་བྱེད་པའི་ཁྲོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་བརྡ་ཁྱབ་སྤེལ་ཏེ་ཉིས་སྟོང་བཅོ་བརྒྱད་ལོའི་འགོ་ཁྲིད་ལས་བྱེད་པ་མི་སྒེར་གྱི་འབྲེལ་ཡོད་ལས་དོན་སྙན་ཞུ་བྱེད་པའི་བྱ་བར་བཀོད་སྒྲིག་བྱས་པ་དང་། དེས་མཚོ་སྔོན་ཞིང་ཆེན་གྱིས་ད་ལོའི་འགོ་ཁྲིད་ལས་བྱེད་པ་མི་སྒེར་གྱི་འབྲེལ་ཡོད་ལས་དོན་སྙན་ཞུའི་བྱ་བ་ཁྱོན་ཡོངས་ནས་སྤེལ་འགོ་བརྩམས་པ་མཚོན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་འགོ་ཁྲིད་ལས་བྱེད་པ་མི་སྒེར་གྱི་འབྲེལ་ཡོད་ལས་དོན་སྙན་ཞུའི་བྱ་བའི་ལག་དེབ་རྩོམ་སྒྲིག་བྱས་ཏེ་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པར་བྱིན་ཏེ་སྣང་མེད་དུ་འཇོག་སླ་བའི་གནད་དོན་ལྔར་གསལ་བརྡ་བཏང་ཡོད་ལ། སྙན་ཞུ་འབྲི་བའི་དཔེ་ལྟའི་རུས་མིག་འདོན་སྤྲོད་བྱས་ཏེ་འགོ་ཁྲིད་ལས་བྱེད་པས་ཡང་དག་སྒོ་ནས་སྙན་ཞུ་འབྲི་བའི་ཚད་གཞིར་རྒྱུས་ལོན་བྱེད་པར་རོགས་སྐྱོར་བྱས། ཉིས་སྟོང་བཅོ་བརྒྱད་ལོའི་སྙན་ཞུ་རེའུ་མིག་འབྲི་བའི་བྱ་བ་ཟླ་དང་པོའི་ཚེས་ཉི་ཤུ་ཉིན་གྱི་སྔོན་ལ་ཡོངས་འགྲུབ་བྱེད་རྒྱུ་ཡིན་པ་དང་། ཟླ་གཉིས་པའི་ཚེས་བཅུ་ཉིན་གྱི་སྔོན་ལ་སྙན་ཞུའི་རྒྱུ་ཆ་དང་ལེན་དང་བརྒྱུད་སྤྲོད་བྱ་བ་ཡོངས་འགྲུབ་བྱེད་རྒྱུ་ཡིན་ལ། ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན་གྱི་སྔོན་བར་དུ་གཞི་གྲངས་ཕྱོགས་བསྡུས་བྱ་བ་ཡོངས་འགྲུབ་བྱེད་རྒྱུ་རེད།