དབང་བོ་སྐྱོན་ཅན་གྱིས་ལས་ཞུགས་ལས་སྐྲུན་བྱེད་པར་སྐུལ་འདེད་བྱེད་པའི་སྲིད་ཇུས་ཇེ་བཟང་དུ་སོང་བ་དང་བསྟུན་ནས། སྔར་ལས་མང་པོའི་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་བྱེད་པའི་རེ་བ་མངོན་འགྱུར་བྱུང་། ན་ནིང་། མཚོ་སྔོན་ཞིང་ཆེན་གྱི་མཁར་ཞང་གི་དབང་བོ་སྐྱོན་ཅན་སྟོང་དགུ་དང་དགུ་བརྒྱ་སོ་གསུམ་གྱིས་ཆེད་ལས་དང་ལག་རྩལ་ཕྱོགས་ཀྱི་གསོ་སྦྱོང་དང་ལེན་བྱས་ཤིང་། དབང་བོ་སྐྱོན་ཅན་སྟོང་གསུམ་དང་བཞི་བརྒྱ་བཅུ་དྲུག་བྱ་བའི་ལས་གནས་སུ་ཞུགས།
ལོ་བའི་ལོ་འདི་དག་གི་རིང་ལ། ནུས་ཤུགས་ཆེན་པོས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་མུ་མཐུད་དུ་འཐུས་ཚང་དུ་གཏོང་ཆེད། 2017ལོའི་ལོ་མཇུག་བར་དུ། མཚོ་སྔོན་ཞིང་ཆེན་ཡོངས་སུ་དབང་བོ་སྐྱོན་ཅན་གྱི་འགན་སྲུང་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་བཞི་བསྡུས་པ་དང་། དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བརྒྱ་དང་ལྔ་ཅུ་ཡིས་ཇེ་མཐོར་སོང་ཡོད་ལ། ཚབས་ཆེ་བའི་དབང་བོ་སྐྱོན་ཆེན་ཉིས་བརྒྱ་དང་ང་བཞི་ལ་གཞོགས་འདེགས་རང་བཞིན་གྱི་ལས་ཞུགས་བྱེད་དུ་བཅུག་ཅིང་། གཞོགས་འདེགས་རང་བཞིན་གྱི་ཁ་གསབ་དངུལ་སྒོར་ས་ཡ་གཅིག་དང་འབུམ་གཉིས་ཁྲི་བདུན་བྱིན། དབང་བོ་སྐྱོན་ཅན་ལ་ཆེད་ལས་རྩལ་ནུས་ཐད་ཀྱི་འགྲན་སྡུར་བྱ་འགུལ་སྤེལ་ཏེ་གར་སྟེགས་འདོན་སྤྲོད་བྱས་ཤིང་། དབང་བོ་སྐྱོན་ཅན་ཕན་ཚུན་བར་གྱི་བསམ་བློ་བརྗེ་རེས་ཇེ་མང་དུ་བཏང་བར་མ་ཟད། ཁོ་ཚོའི་ཆེད་ལས་རྩལ་ནུས་ཆུ་ཚད་དང་དམིགས་བསལ་འཇོན་ནུས་གསལ་བོར་མཚོན་པར་བྱས། དེ་དང་མཉམ་དུ། མཐོ་རིམ་སློབ་གྲྭའི་དབང་བོ་སྐྱོན་ཅན་གྱི་སློབ་ཆེན་སློབ་མར་ཁ་གཏད་ནས་ལས་ཞུགས་མཛུབ་སྟོན་བྱས་པས། སྔར་ལས་མང་པོའི་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལས་སྐྲུན་རེ་བ་མངོན་འགྱུར་བྱས།
གོ་རིམ་རྗེས་མར། མཚོ་སྔོན་ཞིང་ཆེན་གྱིས་མུ་མཐུད་དུ་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལས་སྐྲུན་བྱ་བར་ཧུར་ཐག་གིས་སྐུལ་འདེད་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་སྲིད་ཇུས་དང་ཁྲིམས་སྲོལ། རང་བདག་ལས་སྐྲུན་གྱི་རོགས་སྐྱོར་སྲིད་ཇུས་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ་དང་། ཧུར་ཐག་གིས་དབང་བོ་སྐྱོན་ཅན་ལ་འཚམ་པའི་ལས་ཞུགས་ཐད་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་བྱེད་རྒྱུ་རེད། མཚོ་སྔོན་ཞིང་ཆེན་གྱི་ས་གནས་སོ་སོའི་ཁྱད་ལྡན་ཐོན་ཁུངས་ལ་རྒྱབ་བཅོལ་ནས་དབང་བོ་སྐྱོན་ཅན་གྱི་བབ་བསྟུན་ལས་ཞུགས་ལ་སྐུལ་ཁྲིད་བྱས་ཏེ་རིམ་བཞིན་དབང་བོ་སྐྱོན་ཅན་གྱི་བབ་བསྟུན་ལས་ཞུགས་ལ་རྒྱབ་སྐྱོར་དང་འདེགས་སྐྱོར་བྱེད་པའི་རྐྱེན་སྲོལ་གྲུབ་པར་བྱེད་རྒྱུ་དང་། ལས་ཞུགས་གསོ་སྦྱོང་བྱ་བ་དེ་ཚོང་རའི་དགོས་མཁོ་དང་ལས་ཞུགས་དགོས་མཁོ་དང་ཟུང་སྦྲེལ་དམ་པོ་བྱས་ཏེ་དབང་བོ་སྐྱོན་ཅན་གྱི་གསོ་སྦྱོང་བྱ་བའི་ཐད་ནས་མཆོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་འབྱུང་དུ་འཇུག་རྒྱུ་རེད།