མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གིས་བསྡུས་པའི་ཉིས་སྟོང་བཅུ་བདུན་ལོའི་གསར་འགྱུར་སྨྱན་བྱད་ངོ་འཕྲད་བརྡ་ཁྱབ་ཚོགས་འདུའི་ཡུལ་དངོས།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཝེ་ཡིས་གཏམ་བཤད་གནང་བཞིན་པ།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གི་རྫོང་དཔོན་འབྲུག་ལོས་གཏམ་བཤད་གནང་བཞིན་པ།
རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཚེ་རིང་བཀྲ་ཤིས་ཀྱིས་བཀོད་པའི་གསར་འགྱུར།
སྤྱི་ལོ2018ལོའི་ཟླ2པའི་ཚེས2ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་། དར་ལག་རྫོང་གི2017ལོའི་གསར་འགྱུར་སྨྱན་བྱད་ངོ་འཕྲད་བརྡ་ཁྱབ་ཚོགས་འདུ་མཚོ་སྔོན་རྣམ་རྒྱལ་མགྲོན་ཁང་ནས་བསྡུས། ཚོགས་འདུའི་སྟེང་དར་ལག་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཝེ་དང་རྫོང་དཔོན་འབྲུག་ལོ་སོགས་རྫོང་གི་འབྲེལ་ཡོད་མགོ་ཁྲིད་མི་སྣ་ཞུགས་པར་མ་ཟད། མཚོ་སྔོན་དུ་སྡོད་པའི་ཞིན་ཧྭ་གསར་འགྱུར་ཁང་དང་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སོགས་གཙོས་གསར་འགྱུར་སྡེ་ཁག་སུམ་ཅུ་ལྷག་ཚོགས་འདུར་ཞུགས། ཚོགས་ཐོག་ཏུ་དར་ལག་རྫོང་གི་རྫོང་དཔོན་འབྲུག་ལོས་བཤད་རྒྱུར། འདས་པའི་ལོ་གཅིག་གི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག དར་ལག་རྫོང་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཞིང་ཆེན་དང་ཁུལ་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ནན་ཏན་གྱིས་ལག་བསྟར་བྱས་པ་དང་། «གནས་བབ་གསར་བའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་ཁ་ཤས»དང«ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག»གི་བླང་བྱ་གསར་པ་དང་འགན་ཁུར་གསར་བ་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྲོག་རྩ་རུ་བཟུང་ནས་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱས་པས། འཕེལ་རྒྱས་ཀྱི་བསམ་ཕྱོགས་འཐུས་ཚང་དང་ཐབས་ལམ་ཇེ་གསལ་ཏུ་གྱུར་ཏེ། རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་བདེ་ཐང་ངང་འཕེལ་རྒྱུས་འབྱུང་བར་སྲུང་འཛིན་བྱས་པ་ཡིན་ཟེར།
གཅིག དཔལ་འབྱོར་འཕེལ་རྒྱས་ཀྱི་ཐད་ནས། ཉིས་སྟོང་བཅུ་བདུན་ལོར། དར་ལག་རྫོང་གིས་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རིན་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བཞི་མངོན་འགྱུར་བྱས་པ་དང་དེ་ནི་དུས་མཉམ་ལོའི་བརྒྱ་ཆའི་བདུན་དང་གྲངས་ཆུང་དྲུག་གིས་ཡར་འཕར། ལོ་གཅིག་གི་དམིགས་འབེན་བརྒྱ་ཆའི་བརྒྱ་དང་གྲངས་ཆུང་བརྒྱད་ཡོངས་འགྲུབ་བྱས། དེ་ལས་ཐོན་ལས་དང་པོའི་འཕར་ཚད་སྒོར་བྱེ་བ་བརྒྱད་དང་ས་ཡ་བདུན་ལྷག་དང་དེ་ནི་དུས་མཉམ་ལོའི་བརྒྱ་ཆའི་བཞི་དང་གྲངས་ཆུང་བདུན་ལྷག་གིས་འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཚད་སྒོར་དུང་ཕྱུར་གཅིག་དང་གྲངས་ཆུང་གཉིས་དགུ་ཡིན་པ་དང་དེ་ནི་དུས་མཉམ་ལོའི་བརྒྱ་ཆའི་བཅུ་དང་གྲངས་ཆུང་ལྔ་ཡིས་འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཚད་སྒོར་དུང་ཕྱུར་གཅིག་དང་གྲངས་ཆུང་གཉིས་ལྔ་ཡིན་པ་དང་དེ་ནི་དུས་མཉམ་ལོའི་བརྒྱ་ཆའི་དྲུག་དང་གྲངས་ཆུང་བདུན་གྱིས་འཕར་ཡོད། དེ་ལྟར་དར་ལག་རྫོང་གིས་གནོན་ཤུགས་སྟོབས་ཤུགས་སུ་བསྒྱུར་ཏེ་འབད་བརྩོན་ཧུར་ཐག་བྱས་པས། དཔལ་འབྱོར་དམིགས་ཚད་སྣ་ཚོགས་ཡོངས་འགྲུབ་ཀྱི་གནས་ཚུལ་ཁུལ་ཡོངས་ཀྱི་རྫོང་དྲུག་ལས་སྔོན་གྲས་སུ་ཚུད་ཡོད་པ་དང་མགོ་ལོག་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་ཀྱས་ཁས་ལེན་གང་ལེགས་བྱས་ཡོད།
གཉིས། གནད་འཁེལ་དབུལ་སྐྱོར་གྱི་ཐད་ནས་སྤྱིའི་མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་བཏང་ནས་ཉོ་ཚོང་གནས་སྐོར་ཐོན་ལས་ར་བའི་ལས་རིམ་གཉིས་པ་འཛུགས་སྐྲུན་ལག་བསྟར་བྱེད་བཞིན་ཡོད་པ་དང་། ཚོད་དཔག་བྱས་པ་ལྟར་ན་དེ་ལས་ལོ་རེར་ཡོང་འབབ་སྒོར་ས་ཡ་བདུན་ལྷག་བརྩོན་ལེན་བྱས་ཏེ་ལས་ཞུགས་ལས་གནས་བརྒྱ་དང་ཉི་ཤུ་ལྷག་ཐག་གཅོད་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་གཉིས་ལྷག་བཏང་ནས་ས་གནས་གཞན་ལ་གནས་སྤོའི་བྱ་བར་དབུལ་སྐྱོར་བྱས་ཏེ། དཀའ་ཁག་ལྡན་པའི་ཁྱིམ་ཚང་སྟོང་གཅིག་དང་ལྔ་བརྒྱའི་སྡོད་ཁང་ཐག་གཅོད་བྱས་པ་ཡིན། ད་དུང་སྲིད་གཞུང་དང་སྨན་བཅོས་མཉམ་སྡེབ་ཀྱི་རྣམ་པས་རྫོང་ནོར་སྲིད་ལས་སྒོར་ས་ཡ་གཉིས་དང་འབུམ་ལྔ་ལྷག་བཏང་ནས་མཆིན་པ་ཐུམ་འབུའི་ནད་བྱུང་ཡོད་པའི་ནད་པ་བརྒྱ་དང་རེ་དྲུག་ལ་གཤགས་བཅོས་བྱེད་པའི་སྨན་རིན་དུ་ཕུལ་ནས་ཁུལ་ཡོངས་སུ་ནད་རིགས་སྔོན་འགོག་ཐད་རྫོང་དྲུག་ལས་སྔོན་གྲས་སུ་ཚུད་ཡོད།
གསུམ། དམངས་ཚིས་ལས་དོན་གྱི་ཐད་ནས། ཤུགས་ཆེན་པོས་སློབ་གསོའི་ལས་དོན་འཕེལ་རྒྱས་དཀྱིལ་སྙིང་དུ་བཟུང་ནས་སློབ་གསོའི་ཐད་ལ་གྲོན་དངུལ་སྒོར་དུང་ཕྱུར་གཅིག་ལྷག་བཏང་ནས་ཧུར་བརྩོན་གྱིས་ས་གནས་གཞན་ནས་སློབ་སྒྲུབ་ཀྱི་བྱ་བར་འཚོལ་ཞིབ་བྱས་པ་དང་། ས་གནས་ནོར་སྲིད་ཀྱིས་མ་དངུལ་བཏང་བ་བརྒྱུད། ཉིས་སྟོང་བཅུ་བདུན་ལོར་བསྡོམས་པས་དར་ལག་རྫོང་གི་སློབ་མ་བརྒྱ་དང་བཅུ་གཅིག་མཚོ་སྔོན་ཞིང་ཆེན་གཙང་གསུམ་མི་རིགས་སློབ་འབྲིང་དུ་སློབ་གཉེར་བྱེད་པར་མངགས་པ་དང་། དུས་མཚུངས་སུ་དར་ལག་རྫོང་གིས་ཀྱང་དེར་འབྲེལ་གྱི་སློབ་གསོའི་འཆར་འགོད་ཞིབ་ཚགས་བཟོས། འོས་འགན་སློབ་གསོ་དོ་སྙོམས་ཀྱིས་འཕེལ་རྒྱས་དང་ལས་གཞི་ཡར་ཞུའི་བྱ་བ་ནན་ཏན་གྱིས་བསྒྲུབ་ཆེད། ས་གནས་རང་གིས་མ་དངུལ་སྒོར་བྱེ་བ་གསུམ་བཏང་ནས་ཉིས་སྟོང་བཅོ་བརྒྱད་ལོར་རྒྱལ་ཁབ་ལྟ་ཞིབ་ཐད་ལའང་རྨང་གཞི་ཅུང་ལེགས་པོ་བཏིངས་ཡོད། ཉིས་སྟོང་བཅུ་བདུནལོར། རིག་གནས་ཞབས་ཞུའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏང་ཕྱིར་ཆུ་ཚད་མཐོན་པོའི་སྒོ་ནས་གེ་སར་སེང་འབྲུག་སྟག་རྩེ་ཕོ་བྲང་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་བསྒྲུབས་པ་དང་མ་དངུལ་སྒོར་བྱེ་བ་བརྒྱད་བཏང་ནས་སེང་འབྲུག་སྟག་རྩེ་ཕོ་བྲང་འཛུགས་སྐྲུན་གྱི་ལས་གཞིའི་གྲུབ་ཆ་གཙོ་བོ་ཡོངས་འགྲུབ་བྱས་ཟིན་པ་དང་། ད་ལོའི་ཟླ་བརྒྱད་པར་གཞི་ཁྱོན་ཆེན་པོའི་སྒོ་ནས་འཛུགས་སྐྲུན་ལེགས་འགྲུབ་ཀྱི་དགའ་སྟོན་ཆེན་པོ་ཞིག་སྤེལ་རྒྱུ་ཡིན།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གི་རྫོང་དཔོན་འབྲུག་ལོས་འདས་པའི་ལོ་གཅིག་གི་རིང་ལ་བླངས་པའི་གྲུབ་འབྲས་དང་མ་འོངས་པའི་འཆར་འགོད་བཅས་ཀྱི་གཏམ་བཤད་གནང་ཚར་རྗེས། མཚོ་སྔོན་ཞིང་ཆེན་གྱི་གསར་འགྱུར་སྡེ་ཁག་ཆེ་གྲས་ཀྱི་འཐུས་ཚབ་མི་སྣས་དར་ལག་རྫོང་གི་འབྱུང་འགྱུར་གྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་སྐོར་ལ་བསམ་ཚུལ་ལྷུག་པོར་བརྗོད་པ་དང་མཇུག་མཐར་དར་ལག་རྫོང་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཝེ་ཡི་སྤྱི་བསྡོམས་ཁྲོད་ཚོགས་འདུ་ཡོངས་སུ་གྲོལ་བ་རེད།
གསར་འགོད་པ། ཚེ་རིང་བཀྲ་ཤིས།
ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་པ། རྣ་བྷ།