ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུའི་དགོངས་དོན་ལག་ལེན་དོན་འཁྱོལ་ཡོང་ཆེད་དང་། ཁྲི་ཀ་རྫོང་གི་གནད་ཁེལ་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་བ། ཁྱིམ་ཚང་དབུལ་བོའི་ལག་རྩལ་གྱི་བྱང་ཚད་དང་ལས་ཞུགས་ཀྱི་ནུས་པ་མཐོར་འདེགས་གཏོང་ཕྱིར། ཁྲི་ཀ་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡིས་གནད་ཁེལ་དབུལ་སྐྱོར་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ཤིང་། ཡིག་ཚགས་སུ་བཀོད་པའི་ཁྱིམ་ཚང་དབུལ་བོ་དག་ལ་ཁྱད་ཆོས་ལྡན་པའི་ལག་རྩལ་ཟབ་སྦྱོང་སྤེལ་དང་སྤེལ་མུས་ཡིན་པ་དང་། སྦྱོང་བརྡར་དང་དབུལ་སྐྱོར། ལས་ཞུགས་བཅས་ཀྱི་རྣམ་པ་གསར་བ་འཚོལ་ཞིབ་བྱས་ནས་མང་ཚོགས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་འབྲས་བུ་གཟེངས་སུ་ཐོན་པ་བླངས་ཡོད།
ད་རེས་བོད་ལུགས་དམངས་ཁྲོད་བཟོ་རྩལ་གྱི་ངོས་ཐད་ནས། 2017ལོའི་ཟླ12པའི་ཚེས1ནས་ཚེས30ཉིན་བར་གྱི་དུས་ཡུན་ཟླ་གཅིག་གི་ནང་རྡོ་བརྐོས་ལག་རྩལ་ཟབ་སྦྱོང་འཛིན་གྲྭ་བསྡུས་ཤིང་། 2018ལོའི་ཟླ1པོའི་ཚེས15ནས་ཟླ2པའི་ཚེས4བར་གྱི་དུས་ཡུན་ཉིན20ནང་མར་རྒྱན་མེ་ཏོག་གི་ལག་རྩལ་ཟབ་སྦྱོང་འཛིན་གྲྭ་བསྡུས། དུས་ཐུང་གི་ཟབ་སྦྱོང་འཛིན་གྲྭ་སྔ་ཕྱི་གཉིས་ཀར་བསྡོམས་པས་མི131ཞུགས་ཡོད་པ་ཚང་མ་ཡིག་ཚགས་སུ་བཀོད་པའི་ཁྱིམ་ཚང་དབུལ་བོའི་ཁོངས་མི་རྐྱང་རྐྱང་ཡིན་ལ། འབྲོག་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་གི་གནས་ཚུལ་དངོས་ལ་དམིགས་ནས་ཟབ་སྦྱོང་གི་དགེ་རྒན་ཚང་མ་བོད་རིགས་ཆེད་ལས་དགེ་རྒན་ཤ་སྟག་བཀོད་སྒྲིག་བྱས་པས། ལག་ལེན་གྱི་ནུས་པ་དང་དགེ་སློབ་ཕན་ཚུན་བར་འབྲེལ་འདྲིས་དང་ཉམས་མྱོང་བརྗེ་རེས་བྱེད་པའི་ཐད་ལ་ནུས་པ་གལ་ཆེན་ཐོན་ཡོད།
ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭའི་འགན་ལེན་པ་མཚོ་ལྷོ་ཁུལ་དོན་གྲུབ་བོད་ཀྱི་རིག་གནས་སྒྱུ་རྩལ་སྔོག་སྤེལ་འགན་འཁྲི་ཚད་ཡོད་ཀུང་ཟིའི་འགན་འཛིན་པ་གསེར་བྲག་དོན་གྲུབ་ཚེ་བརྟན་གྱིས་བཤད་རྒྱུར། སྲིད་གཞུང་གི་མཛུབ་སྟོན་དང་རྒྱབ་སྐྱོར་ལ་བརྟེན་ནས་ཁེ་ལས་དང་མཉམ་སྒྲུབ་ཁང་གི་རྣམ་པས་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་ཐུབ་པ་མ་ཟད། དབུལ་སྐྱོར་ལ་ཞུགས་པའི་ཁེ་ལས་སྣ་ཚོགས་ཀྱིས་ཚོང་རའི་གདམ་གར་གཞིགས་ཏེ་ལས་གཞི་གདམ་གསེས་དང་ཡོང་འབབ་ཇེ་མཐོར་གཏོང་ཐུབ་ལ། ལས་སྒོ་ཡང་རྒྱ་བསྐྱེད་ཐུབ། ང་ཚོས་དུས་ཡུན་ཐུང་བ་དང་མྱུར་ཚད་མགྱོགས་པ། ལག་རྩལ་འབྱོར་བ་བཅས་དམིགས་ཡུལ་དུ་བཟུང་སྟེ། རིག་གནས་ཐོན་ལས་ཀྱི་ཁྱད་ཆོས“རང་བརྟེན་རྣམ་པའི”དབུལ་སྐྱོར་ཐབས་ཚུལ་དེ་རང་ས་གནས་ཀྱི་གནས་ཚུལ་དངོས་དང་འཚམས་པའི་བགྲོད་ལམ་ཞིག་གཟུགས་རྒྱུ་དེ་ཡིན་ཟེར་ལ། ཁོས་ད་དུང་ཟབ་སྦྱོང་སློབ་མའི་རང་རྟོགས་རང་བཞིན་ལ་སྐུལ་འདེད་གཏོང་ཆེད། 2018ལོའི་ཟླ5བ་ཡས་མས་སུ་མཚོ་ལྷོ་ཁུལ་གྱི་ཆབ་ཆ་གྲོང་རྡལ་དང་ཁྲི་ཀའི་ཧི་ཡེན་གྲོང་རྡལ་གཉིས་ནས་ལག་རྩལ་ཟབ་སྦྱོང་གྲུབ་འབྲས་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ་ནས། ཕུལ་བྱུང་བརྩམས་ཆོས་ལ་དེར་འཚམས་ཀྱི་བྱ་དགའི་དངུལ་དང་གཟི་བརྗིད་དཔང་རྟགས་ཀྱང་གནང་འཆར་ཡིན་ཟེར།
ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཧྥན་ཡུང་ཕིན་གྱིས་གཏམ་བཤད་གནང་བཞིན་པ།
ཁྲི་ཀ་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་ལིས་ཞ་ཡིས་གཏམ་བཤད་གནང་བཞིན་པ།
མཚོ་ལྷོ་ཁུལ་དོན་གྲུབ་བོད་ཀྱི་རིག་གནས་སྒྱུ་རྩལ་སྔོག་སྤེལ་འགན་འཁྲི་ཚད་ཡོད་ཀུང་ཟིའི་འགན་འཛིན་པ་གསེར་བྲག་དོན་གྲུབ་ཚེ་བརྟན།
མར་རྒྱན་མེ་ཏོག་གི་བཟོ་རྩལ་སྦྱོང་བཞིན་པ།
གྲོས་བསྡུར་གྱི་རྣམ་པ།
ཆེད་ལས་དགེ་རྒན་གྱིས་མཛུབ་སྟོན་བྱེད་བཞིན་པ།
མར་རྒྱན་མེ་ཏོག་གི་དཔེ་རིས།
གྲུབ་འབྲས་ཁྱད་འཕགས་ཅན་ལ་བྱ་དགའི་དཔང་ཡིག་གནང་བཞིན་པ།
རྡོ་བརྐོས་ལག་རྩལ་གྱི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།
རྡོ་བརྐོས་ལག་རྩལ་གྱི་བརྩམས་ཆོས།
ཚོགས་འདུའི་ཡུལ་དངོས།