ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ། རྒྱལ་ཁོངས་ཐོན་ཁུངས་པུའུ། རྒྱལ་ཁབ་ནགས་ལས་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་གཞི་ཁྱོན་ཅན་གྱི་ནགས་རའི་ཚོད་ལྟའི་ཁུལ་གསར་འཛུགས་བྱ་བའི་སྐོར་གྱི་བརྡ་ཐོ་དཔར་ནས་བཀྲམ་སྟེ་ཧི་པེ་ཞིང་ཆེན་ཞུང་ཨན་ས་ཁུལ་གསར་པའི་པེ་དབྱང་ཏེན་ཆུ་བོའི་སྟོད་རྒྱུད་དང་མཚོ་སྔོན་ཞིང་ཆེན་གྱི་ཙོང་ཆུའི་བཞུར་རྒྱུན་སོགས་སུ་གཞི་ཁྱོན་ཅན་གྱི་ནགས་རའི་ཚོད་ལྟའི་ཁུལ་གསར་འཛུགས་བྱེད་པའི་བྱ་བ་སྤེལ་རྒྱུ་གཏན་འཁེལ་བྱས།
ཚོད་ལྟའི་ཁུལ་གསར་འཛུགས་བྱ་བ་ནི་ཀྲུང་དབྱང་གི་ཧི་པེ་སེ་ཧན་པཱ་ནགས་རའི་འཛུགས་སྐྲུན་གྱི་མཆན་བཀོད་མཛུབ་སྟོན་དགོངས་དོན་གཙོ་བོའི་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་ཡིན། ཚོད་ལྟའི་དུས་ཡུན་ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་བར་ཡིན་པ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ད་ཡོད་ཀྱི་མ་དངུལ་བཀོད་སྒྲིག་བྱེད་སྐབས་ཚོད་ལྟ་ཁུལ་གྱི་རྒྱུ་རྐྱེན་ལ་གཅིག་གྱུར་སྒོས་བསམ་བློ་བཏང་སྟེ་གཞི་ཁྱོན་ཅན་གྱི་ནགས་རའི་ཚོད་ལྟ་ཁུལ་གསར་འཛུགས་བྱེད་པའི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་རེད། ཚོད་ལྟ་ཁུལ་གསར་འཛུགས་བྱ་བ་དེ་ད་ཡོད་ཀྱི་བྱ་བའི་རྨང་གཞིའི་སྟེང་ནགས་ཚལ་ཐོན་ཁུངས་བདག་གཉེར་དོ་དམ་གསར་སྐྲུན་བྱེད་པ་དང་དངུལ་གཏོང་ནང་རྐྱེན་གསར་སྐྲུན་བྱེད་པ། བདག་གཉེར་དོ་དམ་སྒྲིག་གཞི་གསར་སྐྲུན་བྱེད་པ་བཅས་ཀྱི་ཚོད་ལྟའི་ནང་དོན་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ་སྒྲིག་གཞིའི་ནང་རྐྱེན་གསར་སྐྲུན་བྱེད་པ་དང་གཅིག་གྱུར་འཆར་འགོད་བྱེད་པ། ལུགས་མཐུན་གྱིས་བཀོད་སྒྲིག་བྱེད་པ། གཞི་ཁྱོན་ཅན་གྱི་ནགས་ར་གསར་འཛུགས་བདག་གཉེར་བྱེད་རྒྱུ་གཙོར་བཟུང་ནས་སྤྱི་ཚོགས་ཀྱི་མ་རྩ་བསྡུ་ལེན་བྱེད་པ་བརྒྱུད་དེ་ནགས་སྐྲུན་དང་ནགས་གཉེར། ལྟ་སྐྱོང་བཅས་ཐད་བཀོལ་ཏེ་དུས་རབས་གསར་པའི་གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་བསྒྱུར་ལ་སྐུལ་འདེད་བྱེད་པའི་ཉམས་མྱོང་བཟང་བོ་གྲུབ་པར་བྱེད་རྒྱུ་རེད།
རང་ཞིང་གིས་ཚོད་ལྟ་འཛུགས་སྐྲུན་བྱས་པའི་ཙོང་ཆུའི་གཞི་ཁྱོན་ཅན་གྱི་ནགས་རའི་སྤྱིའི་རྒྱ་ཁྱོན་ལ་མུའུ་ས་ཡ་གསུམ་དང་འབུམ་ལྔ་ཁྲི་བདུན་ཡོད་པ་དང་། དེའི་ཁྲོད་གསར་སྐྲུན་ནགས་ཀྱི་རྒྱ་ཁྱོན་ལ་མུའུ་ས་ཡ་གཉིས་དང་འབུམ་གསུམ་ཁྲི་བརྒྱད་ཡོད་པ་དང་ཉམས་གསོ་ནགས་ཀྱི་རྒྱ་ཁྱོན་ལ་མུའུ་འབུམ་གསུམ་དང་ཁྲི་བརྒྱད་ཡོད་ལ། ནགས་ཚལ་མུའུ་འབུམ་བཞི་ཁྲི་དགུ་གསོ་སྐྱོང་བྱས་པར་མ་ཟད། བབ་བསྟུན་རྨང་གཞིའི་སྒྲིག་ཆས་འདེགས་སྐྱོར་མ་ལག་དང་དེང་རབས་ཅན་གྱི་བདག་གཉེར་དོ་དམ་མ་མ་ལག་འཛུགས་སྐྲུན་བྱས། ལོ་བརྒྱད་རིང་གི་འཛུགས་སྐྲུན་བརྒྱུད་ནས། ནགས་ཚལ་གྱི་རྒྱ་ཁྱོན་མུའུ་ས་ཡ་བརྒྱད་དང་འབུམ་གསུམ་ཁྲི་བརྒྱད་ཀྱིས་ཇེ་མང་དུ་འགྲོ་བ་མངོན་འགྱུར་བྱས་པ་དང་ཁུལ་ཁོངས་ནགས་ཚལ་གྱི་ཁེབས་ཚད་ད་ལྟའི་བརྒྱ་ཆའི་ཉེར་གཅིག་དང་གྲངས་ཆུང་གཅིག་ནས་བརྒྱ་ཆའི་གྱ་བདུན་དང་གྲངས་ཆུང་ལྔའི་དམིགས་འབེན་ལ་མཐོར་འདེགས་བྱུང་།
ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་གཞི་ཁྱོན་ཅན་གྱི་ ནགས་རའི་ཚོད་ལྟ་ཁུལ་གསར་འཛུགས་བྱ་བའི་སྐོར་གྱི་བརྡ་ཐོའི་བླང་བྱ་གཞིར་བཟུང་ནས་བྱ་བ་སོ་སོར་སྐུལ་འདེད་བྱེད་པ་དང་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ་སྤྱི་ཚོགས་མ་དངུལ་འཚོལ་སྡུད་བྱེད་པ་སོགས་ཀྱི་སྒྲིག་གཞིའི་ནང་རྐྱེན་གསར་སྐྲུན་བྱེད་པ་དང་ཕྱོགས་སོ་སོའི་སྟོབས་ཤུགས་གཞི་ཁྱོན་ཅན་གྱི་ནགས་རའི་ཚོད་ལྟ་ཁུལ་གསར་འཛུགས་བྱ་བའི་ཁྲོད་ཞུགས་པར་སྐུལ་སློང་བྱས་ཏེ་ཙོང་ཆུའི་བཞུར་རྒྱུན་གྱི་ནགས་ཚལ་སྐྱེ་ཁམས་མ་ལག་མགྱོགས་གྱུར་སྒོས་ཉམས་གསོ་བྱེད་པ་དང་མཚོ་སྔོན་མི་དམངས་ཀྱི་མ་ཡུམ་གཙང་བོར་སྲུང་སྐྱོབ་བྱེད་རྒྱུ་རེད།