ཉིས་སྟོང་བཅོ་བརྒྱད་ལོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་ཁྲི་ལྷག་གཞི་རིམ་དུ་སོང་ནས་སྒྲོག་འགྲེལ་གཉིས་དང་སྐུལ་འདེད་གསུམ་གྱི་ཉིན་བརྒྱའི་བྱ་འགུལ་སྤེལ་འགོ་བརྩམས།
2018.02.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་གཉིས་པའི་ཚེས་ལྔ་ཉིན། ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་དང་འབྲོག་ཁུལ་བྱ་བའི་གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གཉིས་ཀྱིས་མིག་སྔར་དཔར་ནས་བཀྲམ་པའི་ཉིས་སྟོང་བཅོ་བརྒྱད་ལོའི་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་ཁྲི་ལྷག་གཞི་རིམ་དུ་སོང་ནས་སྒྲོག་འགྲེལ་གཉིས་དང་སྐུལ་འདེད་གསུམ་གྱི་ཉིན་བརྒྱའི་བྱ་འགུལ་སྤེལ་བའི་ལག་བསྟར་ཇུས་གཞིར་བཀོད་སྒྲིག་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། སྒྲོག་འགྲེལ་གཉིས་དང་སྐུལ་འདེད་གསུམ་གྱི་བྱ་འགུལ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱེད་པ། ཐོན་སྐྱེད་འཕེལ་རྒྱས་དང་གནད་ཕིགས་དབུལ་སྐྱོར། ཞིང་སྡེ་དར་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ལག་བསྟར་ཇུས་གཞིའི་ནང་གཞི་རིམ་དུ་སྐྱོད་པའི་ལས་བྱེད་པ་རྣམས་སྡེ་བ་དང་ཁྱིམ་ཚང་དུ་སོང་ནས་སྒྲོག་འགྲེལ་བྱེད་པ་བརྒྱུད་ནས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་ཞུགས་པའི་ཆོད་གཏམ་གསར་པ་དང་ཁྱད་ཆོས་གསར་པ། དམིགས་འབེན་གསར་པ། བླང་བ་གསར་པ་བཅས་ལ་སློབ་སྦྱོང་དང་རྒྱུས་ལོན་བྱེད་དུ་འཇུག་པ་དང་། ཞིང་སྟོབས་དང་ཞིང་ཕན། ཞིང་ཕྱུག་གི་སྲིད་ཇུས་རབ་དང་རིམ་པ་སྒྲོག་འགྲེལ་བྱེད་པ་བརྒྱུད་ནས་ཏང་གི་ཞིང་གསུམ་སྲིད་ཇུས་སོ་སོ་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་མཛེས་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་དངོས་ཡོད་འགུལ་སྐྱོད་དུ་བསྒྱུར་དགོས་པའི་རེ་བ་བཏོན་ཡོད།

དེ་དང་མཉམ་དུ། གཞི་རིམ་དུ་སྐྱོད་པའི་ལས་བྱེད་པ་རྣམས་ཀྱིས་རྣམ་པ་སྣ་མང་གི་ཞིང་བར་རྒྱབ་སྐྱོར་བྱེད་པའི་བྱ་འགུལ་སྤེལ་དགོས་པ་དང་རྨོ་འདེབས་གྲ་སྒྲིག་དང་དཔྱིད་འདེབས་ཐོན་སྐྱེད་བྱེད་པར་རོགས་སྐྱོར་བྱས་ཏེ་དངོས་ཡོད་གནད་དོན་མཐུན་སྦྱོར་སྒོས་ཐག་གཅོད་བྱེད་དགོས། ཏང་གི་དབུལ་སྐྱོར་སྲིད་ཇུས་དང་དབུལ་ཐར་བཟོ་སྐྲུན་སོགས་དྲིལ་སྒྲོག་བྱེད་པ་དང་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ་དབུལ་ཕོངས་ཁྱིམ་ཚང་དབུལ་ཐར་ཕྱུག་སྒྱུར་བྱེད་པའི་ཡིད་ཆེས་དང་ཆོད་སེམས་མཐོར་འདེགས་གཏོང་དགོས། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་གཉིས་ཀྱི་འགོ་ཁྲིད་ཚན་ཁག་དང་ཏང་ཡོན་གྱིས་ཞིང་སྡེ་དར་རྒྱས་འཇབ་ཇུས་ཀྱི་དོན་སྙིང་གལ་ཆེན་དང་སྲིད་ཇུས་བྱེད་ཐབས་ལ་སློབ་སྦྱོང་བཟང་བོ་དང་རྒྱུས་ལོན་ཡང་དག་བྱེད་པར་རོགས་སྐྱོར་བྱེད་པ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་གཉིས་ཀྱིས་ཞིང་སྡེ་དར་རྒྱས་འཐབ་ཇུས་ཀྱི་འཆར་གཞིར་ཞིབ་བསྡུར་དང་གཏན་ཁེལ་བྱེད་པ། ཐོན་སྐྱེད་གསོ་སྐྱོང་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། སྡེ་བའི་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་དང་ཞིང་སྡེའི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་བྱེད་པར་གཙོ་ཁྲིད་བྱེད་དགོས་པའི་རེ་བ་བཏོན།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གཞི་རིམ་དུ་སྐྱོད་པའི་བྱ་འགུལ་གྱི་དུས་ཡུན་ཉིན་བརྒྱ་ཡིན་པ་དང་དུས་རིམ་གཉིས་སུ་བགོས་ཏེ་སྤེལ་རྒྱུ་ཡིན་ལ། ཟླ་གསུམ་པའི་ཟླ་འགོ་དང་ཟླ་བཞི་བའི་ཟླ་འགོ་གཉིས་ནི་གཅིག་བསྡུས་སྒྲོག་འགྲེལ་གྱི་དུས་རིམ་ཡིན་པ་དང་ཟླ་བཞི་བའི་ཟླ་དཀྱིལ་དང་ཟླ་དྲུག་པའི་ཟླ་དཀྱིལ་ནི་རྗེས་འདེད་ཞབས་ཞུའི་དུས་རིམ་ཡིན།

མིག་སྔར། ཞིང་ཆེན་ཡོངས་ཀྱི་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་སྡེ་སྡོད་བྱ་བའི་རུ་ཁག་ལ་བསྡོམས་པས་མི་སྟོང་བདུན་དང་བརྒྱད་བརྒྱ་རེ་ལྔ་ཡོད་པ་དང་། གྲོང་ཁྱེར་སོ་སོ་དང་ཁུལ་སོ་སོ་ནས་འཐེན་སྐོང་བྱས་པའི་ལས་བྱེད་པ་བསྣན་ན་གཞི་རིམ་དུ་བསྐྱོད་པའི་མི་ཕལ་ཆེར་ཁྲི་གཅིག་དང་སྟོང་བཞི་ལྷག་ཡོད། ལག་བསྟར་ཇུས་གཞིའི་ནང་གཞི་རིམ་དུ་སྐྱོད་པའི་ལས་བྱེད་པ་རྣམས་ཀྱིས་དབུལ་ཕོངས་ཁྱིམ་ཚང་གཅིག་གི་མི་དང་སྡེ་བའི་ལས་བྱེད་པ་གཅིག མཉམ་ལས་ཁང་གཅིག་བཅས་ལ་འབྲེལ་འདྲིས་བྱེད་དགོས་པ་དང་། དངོས་ཡོད་ཀྱི་དོན་བཟང་གཅིག་དང་སྒྲུབ་དཀའ་བའི་དོན་དག་གཅིག་བསྒྲུབ་དགོས་པའི་རེ་བ་བཏོན་ཡོད།