ཞོན་ཧྭ་རྫོང་གི་དབུལ་ཕོངས་སྡེ་བ་སོ་གཅིག་དང་དབུལ་ཕོངས་མི་གྲངས་སྟོང་བཞི་དང་སུམ་བརྒྱ་ང་གཉིས་དབུལ་ཐར་བྱས།
2018.02.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཉིས་སྟོང་བཅུ་བདུན་ལོར། ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གིས་དབུལ་ཐར་མཁྲེགས་གཏོར་བྱ་བ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་བྱེད་པའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་དང་དམངས་ཚིས་བཟོ་སྐྲུན་དང་པོར་བརྩིས་ཏེ་དབུལ་ཐར་མཁྲེགས་གཏོར་བྱ་བར་གཟབ་ནན་གྱིས་སྐུལ་འདེད་བཏང་བ་དང་། ན་ནིང་དབུལ་ཐར་བྱེད་རྒྱུའི་འཆར་གཞིའི་ནང་ཡོད་པའི་དབུལ་ཕོངས་སྡེ་བ་སོ་གཅིག་ཚང་མ་དབུལ་ཐར་བྱས་ཟིན་པ་དང་ཁྱིམ་ཚང་སྟོང་གཅིག་ང་བཞི་དང་མི་སྟོང་བཞི་དང་སུམ་བརྒྱ་ང་གཉིས་དབུལ་ཐར་གྱི་ཚད་གཞིར་སླེབས་ནས་དབུལ་ཐར་བྱས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས།

དབུལ་ཐར་མཁྲེགས་གཏོར་བྱ་བའི་ཁྲོད། ཞོན་ཧྭ་རྫོང་གིས་ཡུལ་བབ་དང་བསྟུན་པ་དང་རིགས་བགར་ཏེ་མཛུབ་སྟོན་བྱས་ནས་སྐོར་གཅིག་ཅན་བརྒྱད་ཀྱི་དབུལ་ཐར་འཆར་གཞི་དང་ལས་རིགས་དབུལ་སྐྱོར་ཆེད་དམིགས་ཇུས་གཞི་བཅུ་མགྱོགས་མྱུར་གྱིས་ལག་བསྟར་བྱས་པས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ཀྱི་རིགས་སོ་སོའི་འཆར་གཞི་དང་རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བའི་ཐད་བྱེད་ནུས་མི་དམན་པ་ཐོབ། ཉིས་སྟོང་བཅུ་བདུན་ལོར། རོང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་དགུ་དང་བདུན་བརྒྱ་ཉེར་གཉིས་ལ་སླེབས་ཏེ་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོའི་བརྒྱ་ཆའི་བརྒྱ་དང་གཉིས་ལྷག་ལ་སླེབས་པ་དང་དབུལ་ཕོངས་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་སྒོ་ལོ་རེར་གཏན་ཁེལ་བྱས་པའི་མི་རེའི་ཆ་སྙོམས་ཡོང་སྒོའི་ཚད་གཞི་ལས་བརྒལ་བས་དབུལ་ཕོངས་སྡེ་བའི་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་ཁྱོན་ཡོངས་ནས་མཐོར་འདེགས་བྱུང་བ་དང་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལ་ལེགས་བཅོས་ཆེན་པོ་བྱུང་བར་མ་ཟད། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཚད་མཐོན་པོས་མཐོར་འདེགས་བྱུང་།

སྤྱི་ཚོགས་དམངས་ཚིས་ལས་དོན་ཐད་ཞོན་ཧྭ་རྫོང་གིས་འོས་འགན་སློབ་གསོ་དང་སྨན་བཅོས་འགན་སྲུང་། རྒན་གསོའི་ཉེན་ཚབ། ལས་ཞུགས་གསོ་སྦྱོང་སོགས་སྤྱི་ཚོགས་དམངས་ཚིས་ལས་དོན་འཕེལ་རྒྱས་སུ་གཏོང་བ་དམ་འཛིན་བྱས་ཏེ་ཉིས་སྟོང་བཅུ་བདུན་ལོར་ལོ་དགུའི་འོས་འགན་སློབ་གསོའི་སྲ་བརྟན་མཐོར་འདེགས་ཀྱི་ཚད་བརྒྱ་ཆའི་གོ་བཞི་ལྷག་ལ་སླེབས་པ་དང་། མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་ཁྲོད་ཞུགས་ཚད་བརྒྱ་ཆའི་གོ་དགུ་དང་རྒན་གསོའི་ཉེན་ཚབ་ཁྲོད་ཞུགས་ཚད་བརྒྱ་ཆའི་གོ་བདུན་ལ་སླེབས། དེ་མིན། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་ཆུ་གློག་ལམ་གསུམ་དང་སྡོད་ཁང་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་གཟབ་ནན་གྱིས་སྐུལ་འདེད་བཏང་ཞིང་། ཞིང་སྡེའི་ཡུན་རིང་གི་དྭངས་གཙང་ནང་རྐྱེན་འཛུགས་སྐྲུན་དང་འཐུས་ཚང་དུ་བཏང་བ་དང་དབུལ་ཕོངས་ཁྱིམ་ཚང་གི་གད་སྙིགས་ཐག་གཅོད་དང་སྡེ་བའི་རྣམ་པར་ལེགས་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ་རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ་བརྒྱ་དང་ང་བཞིའི་བདེ་འཇགས་འཐུང་ཆུ་ཚང་མ་ཚད་གཞིར་སླེབས། སྡེ་བའི་གཞུང་ལམ་སྲ་སྒྱུར་དང་ཚད་ལྡན་ཅན་གྱི་སྡེ་བའི་འཕྲོད་བསྟེན་ཁང་། སྡེ་བ་རིམ་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སོགས་ཁྱོན་ཡོངས་ལ་ཁེབས་པ་དང་དབུལ་ཕོངས་ཁྱིམ་ཚང་གི་བདེ་འཇགས་སྡོད་ཁང་ཚང་མར་འགན་སྲུང་ཡོད་པར་བྱས་ལ། སྡོད་ཁུལ་གྱི་ཁོར་ཡུག་ལ་མངོན་གསལ་གྱིས་ལེགས་བཅོས་ཆེན་པོ་བྱུང་།