གསར་འགོད་པ་བསོད་ནམས་ཚེ་རིང་དང་ལྕགས་ཐར་ཚེ་རིང་གཉིས་ཀྱིས་བཀོད་པའི་གསར་འགྱུར།
མཛེས་སྡུག་གི་གཅན་ཚ་འཛུགས་སྐྲུན་དང་མཛེས་སྡུག་གི་འཚོ་བ་གསར་སྐྲུན་བྱེད་པ་བརྗོད་སྙིང་ཡིན་པའི་ཉིས་སྟོང་བཅོ་བརྒྱད་ལོའི་གཅན་ཚ་རྫོང་སྐར་མ་ཐང་སྡེ་བའི་ལོ་སར་རིག་རྩལ་བྱ་འགུལ་ཏེ་དཔྱིད་དཔལ་བསུ་བའི་མཆོད་དབྱངས་ཞེས་པ་ཟླ་གཉིས་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོར་གདོང་སྣ་གྲོང་རྡལ་སྐར་མ་ཐང་སྡེ་བ་ནས་གཟབ་རྒྱས་ངང་སྤེལ།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་བཅུ་དགུ་བའི་དགོངས་དོན་དང་། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ལུགས་རྙིང་ལོ་སར་དང་ལུགས་གསར་ལོ་སར་སྐབས་སུ་མང་ཚོགས་ཀྱི་རིག་གནས་བྱ་འགུལ་སྤེལ་བའི་འབྲེལ་ཡོད་དགོངས་དོན་ལག་ལེན་དངོས་འབེབ་བྱེད་པ་དང་། གཅན་ཚ་རྫོང་གི་རིག་གནས་འཕེལ་རྒྱས་ཆེན་མོ་དང་དར་རྒྱས་ཆེན་མོར་ཡར་སྐུལ་བཏང་སྟེ། མཉམ་སྤྲོ་མཉམ་སྤྱིད་ཀྱི་དུས་ཆེན་གྱི་སྣང་ཚུལ་བཟང་བོ་བསྐྲུན་ནས། རྫོང་ཡོངས་ཀྱི་མི་དམངས་ལ་སྤྲོ་སྐྱིད་དང་འཆམ་མཐུན་གྱི་ལོ་སར་ཞིག་རོལ་དུ་འཇུག་པ། སྔར་ལས་ལྷག་པའི་སྒོ་ནས་རྫོང་ཡོངས་ཀྱི་ཞིང་སྡེའི་མང་ཚོགས་དག་གིས་རིག་གནས་བྱ་འགུལ་སྤེལ་བའི་རང་རྟོགས་དང་ཞིང་སྡེའི་རིག་གནས་དར་རྒྱས་ལ་ཡར་སྐུལ་གཏོང་ཆེད། ཉིས་སྟོང་བཅོ་བརྒྱད་ལོའི་གདོང་སྣ་གྲོང་རྡལ་སྐར་མ་ཐང་སྡེ་བ་ནས་ལོ་སར་བསུ་བའི་སྤྲོ་ཚོགས་བྱ་འགུལ་འདི་འདྲ་ཞིག་སྤེལ་ནས་མང་ཚོགས་ཀྱི་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་བཏང་།
ཉིས་སྟོང་བཅུ་བདུན་ལོར། གཅན་ཚ་རྫོང་གིས་ཞིང་ཆེན་དང་ཁུལ་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་མགོ་ཁྲིད་འོག ཕྱོགས་སོ་སོའི་བྱ་བར་གཏན་འཇགས་ངང་ཡར་སྐུལ་བཏང་བ་དང་། ཁྱད་པར་དུ་དངུལ་གཏོང་འཛུགས་སྐྲུན་དང་རྒྱལ་ཁོངས་ལྗང་བསྒྱུར། སྐྱེ་ཁམས་འཛུགས་སྐྲུན། གནད་འཁེལ་དབུལ་སྐྱོར། དམངས་འཚོའི་ལེགས་བཅོས། སྤྱི་ཚོགས་གཏན་འཇགས་སོགས་ཀྱི་བྱ་བའི་ཐད་ནས་དགའ་འོས་པའི་གྲུབ་འབྲས་བླངས་ཡོད་པ་དང་། རྨང་གཞིའི་སྒྲིག་ཆས་ལ་ལེགས་བཅོས་ཆེན་པོ་བྱས་ལ། སྤྱི་བའི་ཞབས་ཞུའི་སྒྲིག་ཆས་ལ་གོང་འཕེན་ཆེན་པོ་བྱུང་ཡོད་པར་མ་ཟད། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་གྱིས་ཇེ་མཐོར་སོང་བ་དང་མང་ཚོགས་ཀྱི་ཡོང་འབབ་གཏན་འཇགས་ངང་འཕར་སྣོན་བྱུང་ཡོད།
ལོ་གསར་བའི་ནང་དུ་གཅན་ཚ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་རྫོང་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་དང་ལས་བྱེད་པར་མཐུན་སྒྲིལ་བྱས་ཤིང་། རྒྱལ་ཁབ་ཀྱིས་ལག་བསྟར་བྱས་པའི་ཞིང་སྡེ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་དང་གཅན་ཚ་རྫོང་ཆེས་དབུལ་ཕོངས་ཀྱི་རྫོང་གི་གྲས་སུ་བཞག་པའི་གོ་སྐབས་དེ་དམ་འཛིན་བྱས་ཏེ། རྫོང་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་བཅས་ཀྱི་གཅན་ཚ་གསར་བ་ཞིག་འཛུགས་སྐྲུན་བྱེད་པར་འབད་འབུངས་བྱེད་རྒྱུ་རེད།
ཐེངས་འདིའི་ལོ་སར་བསུ་བའི་རིག་རྩལ་བྱ་འགུལ་འདི་ནི་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་དང་ཀྲུང་གུང་གཅན་ཚ་རྫོང་ཨུའི་དྲིལ་སྒྲོག་པུའུ། རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས་བཅས་ཀྱིས་མཉམ་དུ་བསྒྲུབས་པ་དང་། བྱ་འགུལ་དེ་ཁག་གཉིས་སུ་བགོས་ཡོད་དེ། ཁག་དང་པོར་སྡེ་བའི་མང་ཚོགས་ཀྱིས་ལོ་སར་བསུ་བའི་རིག་རྩལ་ལེ་ཚན་སྣ་ཚོགས་འཁྲབ་སྟོན་བྱེད་པ་དང་། ཁག་གཉིས་པར་རྫོང་རིག་གནས་ཁང་གིས་མང་ཚོགས་རྣམས་ལ་རིག་རྩལ་གྱི་རྒྱགས་ཕྱེ་གྱ་ནོམ་པ་གྲ་སྒྲིག་བྱས་ཡོད། ཐེངས་འདིའི་བྱ་འགུལ་ལ་བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོའི་བྱ་དགའ་ཨང་དང་པོ་ཐོབ་མཁན་གླུ་བ་སྟོབས་ཆེན་རྒྱལ་དང་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་སྡུར་སྐབས་དྲུག་པའི་སྟེང་བྱ་དགའ་ཨང་གསུམ་པ་ཐོབ་མཁན་རྡུང་ལེན་པ་བན་དེ་ཚེ་རིང་སོགས་མང་ཚོགས་ཀྱིས་དགའ་བསུ་ཆེས་ཆེར་ཐོབ་པའི་གླུ་བ་དང་གླུ་མ་མང་བོ་གདན་འདྲེན་ཞུས་ཏེ་བྱ་འགུལ་དེར་ཐུན་མིན་གྱི་དགེ་མཚན་གསར་བ་ཞིག་ཁ་སྣོན་བྱས་ཡོད།
དེ་ལས་གཞན་ལོ་སར་བསུ་བའི་རིག་རྩལ་བྱ་འགུལ་འདིའི་སྟེང་རྨ་ལྷོ་ཁུལ་བོད་སྨན་ཁང་དང་རྨ་ལྷོ་ཁུལ་ཟས་རིགས་བདེ་འཇགས་ལྟ་རྟོག་ཅུའུ་སོགས་ལས་ཁུངས་ཀྱིས་རིན་མེད་དུ་གཅིན་སྙི་ཟ་ཁུའི་ནད་སོགས་ལ་བརྟག་དཔྱད་བྱེད་པ་དང་ཟས་རིགས་བདེ་འཇགས་ཐད་ཀྱི་ཤེས་བྱ་དྲིལ་སྒྲོག་བྱས་ཏེ་མང་ཚོགས་ལ་ཕན་བདེ་བསྐྲུན།
གཅན་ཚ་རྫོང་གི་རྫོང་དཔོན་གཞོན་པ་དབྱང་ཞང་ཁོན་གྱིས་ཤིས་ཚིག་འབུལ་བཞིན་པ།
མདོ་འཛིན་པ།
ཡུལ་དངོས་སུ་ཕེབས་པའི་འབྲེལ་ཡོད་འགོ་ཁྲིད།
གནས་བསྟོད་བྱེད་བཞིན་པ།
གླུ་བ་སྟོབས་ཆེན་རྒྱལ།
འཁྲབ་སྟོན་ཡུལ་དངོས།
སྙན་གཞས་ངག་ལ་འགུག་བཞིན་པ།
གྲེ་འགྱུར་དབྱངས་ལ་བརྒྱུས་པ།
བདེ་མོ་གར་གྱི་སྟངས་སྟབས།
ལྟད་མོ་བའི་ཚོགས།
གསོལ་ཇ་འདྲེན་བཞིན་པ།
ཚོགས་རའི་ཟུར་ཞིག