རྒྱལ་ཁབ་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ནགས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོབ་དང་རྒྱབ་སྐྱོར་བྱེད་པའི་ཤུགས་ཚད་སྔར་ལས་ཇེ་ཆེར་བཏང་།
2018.02.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་གཟབ་ནན་གྱིས་ལག་བསྟར་དོན་འཁྱོལ་བྱེད་པ་དང་རྒྱལ་ཁོངས་ལྗང་སྒྱུར་འགུལ་སྤྱོད་སྤེལ་བ། ནགས་ལས་བཟོ་སྐྲུན་གཙོ་བོ་ལག་བསྟར་བྱེད་པ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ་རྒྱུན་འཁྱོངས་བྱེད་པ། རིགས་སོ་སོའི་མ་དངུལ་གཅིག་བསྡུས་ལེགས་སྒྲིག་བྱེད་པ། སྟོབས་ཤུགས་ཡོད་རྒུས་རང་བྱུང་ནགས་ལ་སྲུང་སྐྱོབ་བྱེད་པ་སོགས་བཟོ་སྐྲུན་གཙོ་བོ་འཛུགས་སྐྲུན་བྱེད་ཆེད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཧུར་ཐག་གིས་བརྩོན་ལེན་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་བཅོ་བརྒྱད་ལོའི་རང་བྱུང་ནགས་ཀྱི་ཐོན་ཁུངས་སྲུང་སྐྱོབ་ལས་གཞིའི་ཀྲུང་དབྱང་གི་སྔོན་རྩིས་ཁྲོད་ཀྱི་མ་དངུལ་སྒོར་བྱེ་བ་དྲུག་དོན་འཁྱོལ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་དོན་འཁྱོལ་བྱས་པའི་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་མ་དངུལ་སྒོར་བྱེ་བ་དྲུག་ནི་ན་ནིང་གི་མ་དངུལ་ལས་སྒོར་ས་ཡ་ལྔས་ཇེ་མང་དུ་སོང་ཡོད་པ་དང་། དུས་མཉམ་ལས་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་གསུམ་འཕར་ཡོད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། ཞིང་ཆེན་ནགས་ལས་ཐིན་དང་མཉམ་དུ་དུས་ཚོད་དམ་འཛིན་གྱིས་དངུལ་གཏོང་འཆར་གཞི་གཏན་ཁེལ་བྱེད་རྒྱུ་ཡིན་པར་མ་ཟད། ཞིང་ཆེན་ནགས་ལས་ཐིན་གྱིས་ཐོག་མའི་ཇུས་འགོད་ཀྱི་ཞིབ་བཤེར་བྱ་བ་བཟང་བོར་བསྒྲུབ་པར་སྐུལ་འདེད་གཏོང་བ་དང་མགྱོགས་མྱུར་གྱིས་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དུས་རིམ་སོ་སོའི་ལྟ་སྐུལ་ཤུགས་ཚད་ཇེ་ཆེར་བཏང་སྟེ་ད་ལོའི་ལོ་མཇུག་གི་སྔོན་ལ་བཟོ་སྐྲུན་ལས་འགན་ཡོངས་འགྲུབ་བྱེད་པ་དང་སྔ་མོ་ནས་ཕན་ནུས་ཐོན་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།