ཉེ་སྔོན། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་བཞི་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་བརྒྱད་དུ་ཚད་ལྡན་གྱི་རྐང་རྩེད་སྤོ་ལོའི་ར་བ་དྲུག་ཅུ་འཛུགས་པར་རྒྱབ་སྐྱོར་བྱས། རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་དངུལ་གཏོང་འཆར་གཞི་ཡོངས་རྫོགས་ཁྱབ་བསྒྲགས་བྱས་པ་མ་ཟད། ལས་གཞི་འཛུགས་སྐྲུན་བྱེད་པའི་ས་ཆས་ལས་གཞི་འཛུགས་སྐྲུན་སྔོན་གྱི་བྱ་བ་མྱུར་དུ་སྤེལ་བར་སྐུལ་འདེད་བཏང་། ཚོད་དཔག་ལྟར་ན་ད་ལོའི་ཟླ་ལྔ་བའི་ནང་ལས་གཞི་ཡོངས་རྫོགས་ལག་བསྟར་བྱེད་རྒྱུ་རེད།
2020ལོར་ཐོན་དུས་རྐང་རྩེད་སྤོ་ལོའི་ར་བའི་གྲངས་ཀ་ལོངས་པའི་དམིགས་འབེན་མངོན་འགྱུར་བྱེད་ཆེད། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རྐང་རྩེད་སྤོ་ལོའི་ར་བའི་སྒྲིག་ཆས་འཛུགས་སྐྲུན་བྱེད་རྒྱུ་དེ་དམངས་ཚིས་བཟོ་སྐྲུན་གལ་ཆེན་དང་རྐང་རྩེད་སྤོ་ལོ་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས་བྱེད་པའི་རྨང་གཞི་རང་བཞིན་གྱི་བཟོ་སྐྲུན་དུ་བརྩིས་ནས། ཞིང་ཆེན་ལུས་རྩལ་ཅུའུ་དང་མཉམ་དུ་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། ས་ཆ་སོ་སོའི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི2018ལོའི་སྤྱི་ཐུན་ལུས་རྩལ་ཁྱབ་གདལ་དང་བཟོ་སྐྲུན་གྲོས་གཞི་ཇུས་གཞི་གཏན་འབེབས་བྱས་ནས། རྒྱལ་ཁབ་ཀྱི་མ་དངུལ་བརྩོན་ལེན་བྱས། ཐེངས་འདིར་རྒྱབ་སྐྱོར་ཐོབ་པའི་ལས་གཞི་ལག་བསྟར་བྱས་པ་དེས། མཚོ་སྔོན་ཞིང་ཆེན་གྱི་རྐང་རྩེད་སྤོ་ལོའི་ར་བའི་སྒྲིག་ཆས་ཡོངས་ཁེབས་བྱེད་པའི་ཚད་ཇེ་མཐོར་གཏོང་ཐུབ་པ་མ་ཟད། གྲུབ་ཚུལ་འོས་འཚམ་དང་ཁེབས་རྒྱ་ཆེ་བ། ཀུན་ཕན་རང་བཞིན་ལྡན་པའི་སྤྱི་ཐུན་ལུས་རྩལ་ཞབས་ཞུའི་དྲ་རྒྱ་གྲུབ་པར་བྱས་ནས། མང་ཚོགས་ཀྱི་ལུས་རྩལ་འཛུགས་སྐྲུན་ཐད་ཀྱི་གཞི་རྩའི་དགོས་མཁོ་སྐོང་རྒྱུ་རེད།