ཡུས་ཧྲུའུ་གྲོང་ཁྱེར་སྲིད་གཞུང་དང་པེ་ཅིན་ལེན་དབྱི་སྙིང་རྗེ་ཐེབས་རྩ་ཚོགས་པ་གཉིས་ཀྱིས་ནད་རིགས་ཚབས་ཆེན་དང་ས་གནས་ནད་རིགས་ཚོད་འཛིན་བྱེད་པའི་གྲོས་མཐུན་བཀོད།
2018.02.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱི་ནད་རིགས་ཚབས་ཆེན་དང་ས་གནས་ནད་རིགས་འགོག་བཅོས་བྱེད་པའི་སྐུལ་འདེད་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཡུས་ཧྲུའུ་གྲོང་ཁྱེར་སྲིད་གཞུང་དང་པེ་ཅིན་ལེན་དབྱི་སྙིང་རྗེ་ཐེབས་རྩ་ཚོགས་པ་གཉིས་ཀྱིས་ནད་རིགས་ཚབས་ཆེན་དང་ས་གནས་ནད་རིགས་ཚོད་འཛིན་བྱེད་པའི་གྲོས་མཐུན་བཀོད་དེ་བོད་ཁུལ་གྱི་བྱིས་པའི་བདེ་ཐང་དང་སློབ་གསོ་ཕྱོགས་བསྡུས་འཕེལ་རྒྱས་སྐུལ་སྤེལ་ལས་གཞི་ལག་བསྟར་བྱེད་པ་དང་སློབ་མ་རྐང་འཛུགས་སར་བྱེད་པ། ཡུས་ཧྲུའུ་ས་ཁུལ་གྱི་འགོས་ནད་དང་ས་གནས་ནད་རིགས་འགོག་བཅོས་རྣམ་པ་མཉམ་དུ་འཚོལ་ཞིབ་བྱས་ཏེ་ཐོག་མའི་ཚོད་ལྟའི་སློབ་གྲྭའི་སློབ་མ་སྟོང་གཅིག་ལ་བདེ་ཐང་ཞིབ་བཤེར་དང་མཆིན་པའི་ནད་ཀྱི་སྨན་བཅོས་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་ཚོད་ལྟའི་གཞི་ཁྱོན་རིམ་བཞིན་རྒྱ་བསྐྱེད་རྒྱུ་རེད།

ཡུས་ཧྲུའུ་གྲོང་ཁྱེར་དང་པེ་ཅིན་ལེན་དབྱི་སྙིང་རྗེ་ཐེབས་རྩ་ཚོགས་པ་གཉིས་ཀྱིས་ལོ་མང་པོའི་སློབ་གླིང་གི་སྤྱི་ཐུན་འཕྲོད་བསྟེན་བྱ་བ་དང་སློབ་མའི་བདེ་ཐང་སྐུལ་སྤེལ་ལས་གཞིའི་མཉམ་ལས་ཉམས་མྱོང་གི་རྨང་གཞིའི་སྟེང་། ཐེངས་འདིར་ནད་བྱུང་ཚད་མཐོ་བ་དང་བྱུང་རིམ་རིང་བ། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལ་ཤུགས་རྐྱེན་ཆེ་བའི་དལ་བའི་རང་བཞིན་གྱི་འགོས་ནད་དང་མཆིན་པའི་ནད་མཁྲེགས་གཏོར་གྱི་ཁ་ཕྱོགས་གཙོ་བོར་བྱས་ཏེ་ཡུས་ཧྲུའུ་གྲོང་ཁྱེར་ལ་མཐོ་སྒང་བོད་ཁུལ་གྱི་བྱིས་པའི་མཆིན་ནད་ཞིབ་འཇུག་དང་འགོག་བཅོས་ལྟེ་གནས་འཛུགས་སྐྲུན་བྱེད་པ་དང་ཐེབས་རྩ་ཚོགས་པས་རྒྱལ་ནང་གི་ཆེད་མཁས་པ་གདན་ཞུ་བྱས་ཏེ་ཡུས་ཧྲུའུ་གྲོང་ཁྱེར་བརྒྱད་གཅིག་སྨན་ཁང་ལ་སྨན་བཅོས་ལག་རྩལ་དང་མཛུབ་སྟོན་འདོན་སྤྲོད་བྱེད་པ། མཐོ་སྒང་གི་བྱིས་པའི་མཆིན་ནད་ཀྱི་ཆེས་ལེགས་པའི་སྨན་བཅོས་བྱེད་ཐབས་མཉམ་དུ་འཚོལ་ཞིབ་བྱེད་པ། ཡུས་ཧྲུའུ་གྲོང་ཁྱེར་གྱི་ནད་རིགས་ཚབས་ཆེན་དང་ས་གནས་ནད་རིགས་ཞིབ་འཇུག་དང་སྨན་བཅོས་ནུས་པ་མཐོར་འདེགས་བཏང་སྟེ་བྱིས་པར་གཅིག་བསྡུས་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་མཉམ་དུ་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ཡང་ཕན་ཁེ་སྐྲུན་རྒྱུ་རེད། དེ་མིན། མགྲོན་མདའ་ཞང་ལྟེ་གནས་བཅའ་སྡོད་ལམ་ལུགས་སློབ་ཆུང་སོགས་སུ་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་ཏེ་ཡུས་ཧྲུའུ་གྲོང་ཁྱེར་གྱི་བདེ་ཐང་སློབ་གསོའི་ཚན་ཁག་འཛུགས་སྐྲུན་དང་སློབ་མའི་བདེ་ཐང་ཡིག་ཚགས་ཆ་འཕྲིན་ཅན་དོ་དམ་སོགས་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད།