མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གཞུང་སྒྲུབ་ཁང་གིས་འདོན་སྤྲོད་བྱས་པའི་གཞི་གྲངས་ལྟར་ན། ཉིས་སྟོང་བཅུ་བཞི་ལོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་སྐབས་གཉིས་པ་ལག་བསྟར་བྱས་པ་ནས་ད་ལྟའི་བར། བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་དགུ་དང་དུང་ཕྱུར་བདུན་བྱེ་བ་གཅིག་ས་ཡ་གཅིག་བཏང་ཡོད་པ་དང་། དེས་འཆར་འགོད་སྤྱིའི་དངུལ་གཏོང་གི་བརྒྱ་ཆའི་དྲུག་ཅུ་དང་གྲངས་ཆུང་ལྔ་ཟིན། བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་དགུ་དང་དུང་ཕྱུར་ལྔ་བྱེ་བ་བཞི་ས་ཡ་བརྒྱད་ཀྱི་དངུལ་གཏོང་ཡོངས་གྲུབ་བྱས་པ་དང་། དེས་བཏང་བའི་མ་དངུལ་གྱི་བརྒྱ་ཆའི་གོ་བརྒྱད་དང་གྲངས་ཆུང་གསུམ་ཟིན།
ཉིས་སྟོང་བཅུ་བཞི་ལོའི་ཟླ་དང་པོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་སྐབས་གཉིས་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་པའི་ཚུན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་དོན་འཁྱོལ་བྱས་པ་དང་ཐོག་མཐའ་བར་གསུམ་ཀུན་ཏུ་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་དེ་ལས་འགན་དང་པོར་བརྩིས་ཏེ་སྒྱུར་བ་བཞིར་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་དོན་འཁྱོལ་བྱས་པ་དང་ཁྱོན་ཡོངས་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ལ་སྐུལ་འདེད་བཏང་།
འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། དུས་སྐབས་གཉིས་པའི་བཟོ་སྐྲུན་ལག་བསྟར་བྱས་པའི་ཚུན་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལོ་རེའི་ཆུ་ཕྱིར་གཏོང་ཚད་རྨིད་རྒྱ་དཔང་གྲུ་བཞི་མ་ཐེར་ཆེན་ལྔ་དང་ཐེར་འབུམ་གཉིས་དུང་ཕྱུར་ལྔ་ལྷག་ལ་སླེབས་པ་དང་། ཉིས་སྟོང་ལྔ་ལོ་ནས་ཉིས་སྟོང་བཅུ་གཉིས་ལོའི་བར་གྱི་ལོ་རེའི་ཆ་སྙོམས་ཀྱི་ཆུ་ཕྱིར་གཏོང་ཚད་དང་བསྡུར་ན་རྨིད་རྒྱ་དཔང་གྲུ་བཞི་མ་ཐེར་འབུམ་ལྔ་དང་དུང་ཕྱུར་དགུ་ལྷག་གིས་ཇེ་མང་དུ་སོང་ཡོད་ལ། ཆུའི་རྒྱ་ཁྱོན་བརྒྱ་ཆའི་བཞི་གྲངས་ཆུང་བརྒྱད་དགུ་ནས་བརྒྱ་ཆའི་ལྔ་དང་གྲངས་ཆུང་བདུན་ལ་ཇེ་ཆེར་སོང་ཡོད། བཟོ་སྐྲུན་ཁུལ་གྱི་སྡོང་ཕྲན་གྱི་ཆ་སྙོམས་ཁེབས་ཚད་བརྒྱ་ཆའི་ཐིག་གྲངས་ཆུང་གཉིས་གཅིག་གིས་ཇེ་མང་དུ་སོང་ཡོད་པ་དང་མཐོ་ཚད་ཆ་སྙོམས་ཀྱིས་ལི་རྨིད་ཐིག་དང་གྲངས་ཆུང་བརྒྱད་གཉིས་ལ་འཕར་ཡོད་ཟེར།
དེ་མིན། ལོ་བཞིའི་རིང་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྩྭ་སའི་ཁེབས་ཚད་ཇེ་ཆེར་སོང་ཡོད་པ་དང་རྩྭ་སའི་སྐྱེ་ཁམས་ཉམས་གསོ་བྱས་ཚད་མངོན་གསལ་གྱིས་ཇེ་ལེགས་སུ་སོང་ཡོད། རི་དྭགས་གཙོད་དང་ཁྲུང་ཁྲུང་སྐེ་ནག་སོགས་རི་སྐྱེས་སྲོག་ཆགས་ཀྱི་རིགས་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་རིམ་བཞིན་སླར་གསོ་བྱུང་ཡོད། གསའ་དང་གཟིག་ཁྲ་ཐིག་ཅན། འཕར་སྤྱང་སོགས་ཀྱང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་རྒྱུ་བཞིན་ཡོད་པ་དང་། ལྷག་པར་དུ་རྫ་ཆུའི་འགོ་ཁུངས་སུ་ཆུ་བོའི་སྐྱེ་ཁམས་མ་ལག་གི་ཆེས་དམིགས་བསལ་ལྡན་པའི་ཡོ་རོབ་གླིང་དང་ཨེ་ཤ་ཡའི་ཆུ་སྲམ་པར་དུ་བླངས་ཡོད་པས་ཆུ་བོའི་སྐྱེ་ཁམས་མ་ལག་གི་བདེ་ཐང་དང་ཆ་ཚང་རང་བཞིན་མཚོན་པར་བྱས་ཡོད།