རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་དྲུག་ས་ཡ་ལྔ་བཏང་སྟེ་རང་ཞིང་གི་དམངས་ཡོངས་ཀྱི་བདེ་ཐང་འགན་སྲུང་བཟོ་སྐྲུན་ལ་རྒྱབ་སྐྱོར་བྱས།
2018.02.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རང་ཞིང་གི་དམངས་ཡོངས་ཀྱི་བདེ་ཐང་འགན་སྲུང་བཟོ་སྐྲུན་ཐད་ཉིས་སྟོང་བཅོ་བརྒྱད་ལོའི་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་དྲུག་ས་ཡ་ལྔ་བཏང་སྟེ་གཙོ་བོ་རྫོང་རིམ་པའི་སྨན་ཁང་བཅུ་བཞི་དང་བུད་མེད་དང་བྱིས་པའི་བདེ་སྲུང་ཁང་བཅུ། ནད་རིགས་འགོག་བཅོས་ལྟེ་གནས་དྲུག ཁྲག་ཞིབ་བཤེར་ས་ཚིགས་གཉིས་བཅས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས།

ལས་གཞི་འདི་དག་ལག་བསྟར་བྱས་པ་དེས་ལས་གཞི་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་རྨང་གཞིའི་སྒྲིག་ཆས་སྔར་ལས་ལེགས་བཅོས་བྱེད་ཐུབ་པ་དང་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་ནུས་ཡོད་ཀྱི་འགན་སྲུང་འདོན་སྤྲོད་བྱེད་ཐུབ། རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་དུས་ཚོད་དམ་འཛིན་སྒོས་རྒྱལ་ཁབ་ཀྱི་དངུལ་གཏོང་འཆར་གཞི་གཏན་ཁེལ་བྱེད་བཞིན་ཡོད་པར་མ་ཟད། ལས་གཞི་ས་ཁུལ་གྱིས་དུས་སྐབས་སྔོན་མའི་བྱ་བ་བཟང་བོར་བསྒྲུབ་པར་སྐུལ་འདེད་བཏང་སྟེ་ལས་གཞི་སྔ་མོ་ནས་ལེགས་འགྲུབ་བྱེད་པ་དང་དངུལ་གཏོང་ཕན་ནུས་ཐོན་པར་འགན་སྲུང་བྱེད་བཞིན་ཡོད།