མཚོ་སྔོན་གྱི་ས་གདན་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་སོ་བདུན་ལ་ཕྱིར་འཚོང་བྱེད་བཞིན་ཡོད་ལ་དེས་རོང་འབྲོག་མང་ཚོགས་འབུམ་ལྔའི་ཡོང་སྒོ་ཇེ་མང་དུ་བཏང་ཡོད།
2018.02.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

 མཚོ་སྔོན་བོད་ཀྱི་ས་གདན་ལ་ལོ་རྒྱུས་རིང་པོ་དང་ཐུན་མོང་གྱི་བཟོ་རྩལ། མི་རིགས་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་བཅས་ལྡན་པས། རྒྱལ་ཁབ་ཕྱི་ནང་གི་འཛད་སྤྱོད་པས་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད། མཚོ་སྔོན་ཞིང་ཆེན་དཔལ་འབྱོར་ཆ་འཕྲིན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བསྡོམས་རྩིས་བྱས་པ་ལྟར་ན། མིག་སྔར། མཚོ་སྔོན་བོད་ཀྱི་ས་གདན་ཐོན་རྫས་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་སོ་བདུན་ལ་ཕྱིར་འཚོང་བྱེད་བཞིན་ཡོད་པ་དང་། གསར་དུ་བཙུགས་པའི་མཚོ་སྔོན་ས་གདན་རྒྱུ་ཆ་ཉོ་འཚོང་ལྟེ་གནས་ཀྱི་ལོ་ཧྲིལ་པོའི་ཉོ་ཚོང་གི་ཡོང་སྒོ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ཙམ་ལ་སླེབས་ཡོད། ཐོན་ལས་དེས་ཐད་ཀར་དུ་མི་སྟོང་དྲུག་དང་ལྔ་བརྒྱ་ལས་ཀར་ཞུགས་སུ་བཅུག་པ་དང་། རོང་འབྲོག་མང་ཚོགས་འབུམ་ལྔའི་ཡོང་སྒོ་ཇེ་མང་དུ་བཏང་ཡོད་ཟེར།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱི་རིག་གནས་ཐོན་རྫས་དང་རིག་གནས་ཞབས་ཞུའི་འདོན་སྤྲོད་ནུས་པ་མངོན་གསལ་གྱིས་ཇེ་ཆེར་སོང་ལ། བོད་ཀྱི་ས་གདན་དང་མི་རིགས་གྱོན་ལྭ་དང་རྒྱན་ཆ་སོགས་ཀྱི་ཐོན་རྫས་ལ་ཞིང་ཆེན་ཕྱི་ནང་གི་རིག་གནས་འགྲེམ་ཚོགས་ཆེན་པོའི་སྟེང་དགའ་བསུ་ཐོབ་ཐོབ་པ་མ་ཟད། ཐག་རིང་གི་ཨ་མེ་རི་ཁ་དང་སུའེ་ཏེན། དབྱི་ཐ་ལི་སོགས་རྒྱལ་ཁབ་ལ་ཕྱིར་འཚོང་བྱེད་བཞིན་ཡོད། ཁྱད་ཆོས་ལྡན་པའི་མི་རིགས་རིག་གནས་ཀྱི་ཐོན་རྫས་རབ་དང་རིམ་པས་ཐུན་མིན་ཁྱད་ཆོས་ཀྱི་མཚོ་སྔོན་གྱི་མི་རིགས་དམངས་ཁྲོད་རིག་གནས་མངོན་མཚོན་བྱས་ཏེ། མཚོ་སྔོན་གྱི་རིག་གནས་ཐོན་ལས་ཁུལ་ཁོངས་བརྒལ་ནས་མཉམ་ལས་དང་བརྗེ་རེས་བྱེད་པར་སྐུལ་འདེད་བཏང་།

མཚོ་སྔོན་བོད་ཀྱི་ས་གདན་གྱི་ཁེ་ལས་གཙོ་བོ་ཡིན་པའི་ཆ་ནས། བོད་ལུག་སྡེ་ཚོགས་ཀྱི་ཐོན་རྫས་སྔོན་ཆད་ལག་འཐག་ལས་ཐོན་པ་ཤ་སྟག་ཡིན་ལ། ཐོན་རྫས་གཙོ་བོ་ཡོ་རོབ་གླིང་དང་ཨ་མེ་རི་ཁ། དབུས་ཤར་དང་ཨེ་ཤ་ཡ་ཤར་མའི་རྒྱལ་ཁབ་སོ་སོར་ཕྱིར་གཏོང་བྱེད་བཞིན་ཡོད། ཉེ་བའི་ལོ་འགའི་རིང་ལ། རྒྱལ་སྤྱིའི་ཁྲོམ་རའི་འགྱུར་ལྡོག་དང་བསྟུན་ནས་ཕྱིར་འཚོང་གི་ཚད་ཇེ་ཉུང་དུ་སོང་བ་དང་། ལག་འཐག་ས་གདན་གྱི་མ་རྩ་རྒྱུན་ཆད་མེད་པར་ཇེ་མཐོར་སོང་། བོད་ལུག་སྡེ་ཚོགས་ཀྱིས་ཐོན་ལས་ལེགས་སྒྲིག་བྱས་ཏེ། ལག་འཐག་ས་གདན་དེ་ལག་འཐག་བྱེད་པ་དང་འཕྲུལ་ཆས་ཀྱིས་འཐག་པའི་རིགས་སྣ་སྟོང་ཙམ་ལ་བཏང་བ་མ་ཟད། ས་གདན་སྟེང་གི་རི་མོ་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས། ས་ཁུལ་མི་འདྲ་བའི་རིག་གནས་དང་གོམས་སྲོལ་གཞིར་བཟུང་ནས་ས་གདན་མི་འདྲ་བ་ཐོན་སྐྱེད་བྱས་པས། རྒྱལ་ཁབ་དང་ས་ཁུལ་བཞི་བཅུ་ཙམ་ལ་ཕྱིར་འཚོང་བྱེད་ཐུབ་པར་གྱུར་པ་མ་ཟད། ས་ཁུལ་བཅུ་རུ་ཆེད་འཚོང་ཁང་བཙུགས་ཏེ་ཐད་འཚོང་བྱེད་བཞིན་ཡོད། ན་ནིང་བོད་ལུག་སྡེ་ཚོགས་ཀྱི་ཆེད་འཚོང་ཁང་ནི་ཨུ་རུ་སི་དང་ཨུ་རུ་སི་དཀར་པོ། ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་སོགས་སུ་ཁྱབ།