མཚོ་ཤར་གྱིས་ངལ་རྩོལ་པ་ཕྱིར་གཏོང་བར་བརྟེན་ནས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་།
2018.02.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ན་ནིང་། མཚོ་ཤར་གྲོང་ཁྱེར་གྱིས་ལས་ཞུགས་ལམ་བུ་རྒྱ་བསྐྱེད་པ་དང་། ལས་ཞུགས་རྩལ་ནུས་མཐོར་འདེགས་བྱེད་པར་བརྟེན་ནས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་བ་དང་། ལོ་ཧྲིལ་བོར་བསྡོམས་པས་ཞིང་ཆེན་ཕྱི་ནང་དུ་ངལ་རྩོལ་པ་འབུམ་ལྔ་དང་ཁྲི་བཞི་སྟོང་དགུ་ཞོར་ལས་ལ་མངག་སྟེ། ཡོང་སྒོ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་བརྒྱད་བྱེ་བ་གཅིག་མངོན་འགྱུར་བྱས།

མཚོ་ཤར་གྲོང་ཁྱེར་གྱིས་སྟོན་དུས་སུ་ཞིན་ཅང་དུ་སྲིང་བལ་འཐུ་རུ་འགྲོ་བ་དང་། མཚོ་ནུབ་ཏུ་འཕང་འབྲས་འཐུ་བར་འགྲོ་བའི་ཞོར་ལས་ཚོང་རྟགས་ཀྱི་རྒྱུ་སྤུས་དང་ཕན་འབྲས་སྔར་ལས་སྲ་བརྟན་དང་མཐོར་འདེགས་བྱེད་པའི་ཞོར་དུ། ལི་ཏུའུ་ཆུའུ་ཡི་མཐོ་སྒང་གློག་འཛུགས་སྐྲུན་དང་ཕུའུ་ཐེའི་ཆུ་དྲོད་བཟོ་བ། ཞོན་ཧྭ་རྫོང་ཟ་ལར་གྱི་ཚེམས་དྲུབ་སོགས་ཁུལ་ཁོངས་ཆེན་པོ་བཅུ་བཞིའི་ཁྱད་ཆོས་མངོན་གསལ་དང་། ངལ་རྩོལ་པའི་ལས་ཞུགས་གཏན་འཇགས་ཡིན་པ། དཔལ་འབྱོར་ཕན་འབྲས་འབུར་ཐོན་ཡིན་པའི་གསར་དར་ཞོར་ལས་ཚོང་རྟགས་མིང་གྲགས་ཅན་སྔོག་འདོན་དང་སྐྱེད་སྲིང་བྱས་ནས། དབུལ་ཕོངས་ངལ་རྩོལ་པས་ས་ཁུལ་བརྒལ་ནས་ལས་ཞུགས་བྱེད་པ་མངོན་འགྱུར་བྱས། མཚོ་ཤར་གྲོང་ཁྱེར་གྱི་འཐེན་ཐུག་དཔལ་འབྱོར་ཐད་ནས་ཟླ་ཕོགས་ཁྱེར་ནས་ལས་རྐང་སྟེང་དངོས་སྦྱོང་བྱེད་པ་དང་ལས་སྐྲུན་བྱེད་པ་གཉིས་ཟུང་འབྲེལ་བྱེད་པའི་མ་དཔེ་ཁྱབ་གདལ་དུ་བཏང་བ་དང་། དབུལ་ཕོངས་ངལ་རྩོལ་པར་དུས་ཡུན་ཐུང་བའི་ནང་གསོ་སྦྱོང་བྱས་རྗེས། ཟླ་ཕོགས་ཁྱེར་ནས་ཞིང་ཆེན་ཕྱིའི་འཐེན་ཐུག་ཟ་ཁང་དུ་གསོ་སྦྱོང་བྱེད་དུ་མངག་སྟེ། འཐེན་ཐུག་དཔལ་འབྱོར་ལ་བརྟེན་ནས་ཁྱིམ་ཡོངས་དབུལ་ཐར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས། གྲོང་ཁྱེར་ཡོངས་ཀྱི་གནད་ཕིགས་དབྱེ་འབྱེད་ཁྱིམ་ཚང་དགུ་བརྒྱ་དང་བདུན་གྱིས་ཁྱིམ་མཚེས་དང་གཉེན་ཉེ་ལ་རོགས་རམ་དང་སྣེ་ཁྲིད་བྱེད་པའི་རྣམ་པ་བརྒྱུད་དེ་འཐེན་ཐུག་ཟ་ཁང་ཕྱེ་བ་དང་། ཟླ་ཕོགས་ཁྱེར་ནས་ལས་རྐང་སྟེང་དངོས་སྦྱོང་དང་ལས་སྐྲུན་བྱེད་པ་གཉིས་ཟུང་འབྲེལ་བྱས་པར་བརྟེན་ནས་ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་དབུལ་ཕོངས་ངལ་རྩོལ་པ་སྟོང་གསུམ་དང་ལྔ་བརྒྱ་ཉེར་གསུམ་ལ་གསོ་སྦྱོང་བྱས་ལ། དབུལ་སྐྱོར་འཐེན་ཐུག་ཟ་ཁང་ཉིས་བརྒྱ་ཕྱེ་བ་དང་། གནད་ཕིགས་དབུལ་སྐྱོར་ཁྱིམ་ཚང་གི་འཐེན་ཐུག་དཔལ་འབྱོར་བྱ་བ་གཉེར་བའི་མི་སྟོང་གཅིག་བརྒྱ་དང་སོ་བདུན་ལ་བསླེབས་ནས། འཐེན་ཐུག་དཔལ་འབྱོར་ཐོན་ལས་དེ་མཚོ་ཤར་གྲོང་ཁྱེར་གྱི་ཞིང་པ་མང་ཚོགས་ཀྱི་དབུལ་ཐར་དཔལ་འབྱོར་དང་ཕྱུག་བསྒྱུར་དཔལ་འབྱོར་དུ་འགྱུར་བར་བྱས།

དེ་དང་མཉམ་དུ། མཚོ་ཤར་གྲོང་ཁྱེར་གྱིས་དབུལ་ཕོངས་ཁྱིམ་ཚང་ལ་ཁ་གཏད་དེ་ཡོངས་ཁྱབ་ཏུ་མི་བསྡུ་བའི་རྩ་དོན་ལྟར། གྲོང་ཁྱེར་ཡོངས་ཀྱི་དབུལ་ཕོངས་སྡེ་བ་རེ་རེ་ནས་སྤྱི་ཕན་རང་བཞིན་གྱི་ལས་གནས་གཅིག་རེ་གསར་སྤེལ་བྱས་པ་དང་། ན་ནིང་གྲོང་ཁྱེར་ཡོངས་ནས་བསྡོམས་པས་དབུལ་ཕོངས་སྡེ་བའི་གཞུང་ལམ་བདག་སྐྱོང་དང་ཞིང་སྡེའི་གཙང་སྦྲ་བ། སྐྱེ་ཁམས་དོ་སྲུང་བ་སོགས་དབུལ་སྐྱོར་སྤྱི་ཕན་ལས་གནས་ཉིས་བརྒྱ་དང་དོན་བརྒྱད་གསར་སྤེལ་བྱས། མིག་སྔར། གྲོང་ཁྱེར་ཡོངས་སུ་བསྡོམས་པས་དབུལ་ཕོངས་སྡེ་བའི་སྤྱི་ཕན་རང་བཞིན་གྱི་ལས་གནས་དྲུག་བརྒྱ་དང་ཞེ་ལྔ་གསར་སྤེལ་བྱས་པ་དང་། སྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱི་ཁེབས་ཚད་བརྒྱད་ཆའི་བརྒྱ་རུ་སླེབས།