མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་གཞིས་ཁུལ་གསུམ་རྒྱལ་ཡོངས་ཀྱི་སྐོར་ཁག་དང་པོའི་ཞིང་སྡེའི་བདེ་སྐྱིད་གཞིས་ཁུལ་འཛུགས་སྐྲུན་དཔེ་སྟོན་སྡེ་ཁག་ཏུ་གཏན་ཁེལ་བྱས།
2018.02.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཉེ་ལམ།རྒྱལ་ཁབ་དམངས་སྲིད་པུའུ་ཡིས་བརྡ་སྦྱོར་སྤེལ་ནས། རྒྱལ་ཡོངས་ཀྱི་སྐོར་ཁག་དང་པོའི་ཞིང་སྡེའི་བདེ་སྐྱིད་གཞིས་ཁུལ་འཛུགས་སྐྲུན་དཔེ་སྟོན་སྡེ་ཁག་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་ནན་ཁྲོན་ནུབ་ལམ་ཡོན་ཧྲུའུ་སྡེ་བ་དང་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཕུན་ཅཱ་ཀྲེ་གྲོང་རྡལ་ཁྲིན་ཀོང་སྡེ་བ། ཏ་ཐུང་ཧོས་རིགས་ཧོར་རོགས་རང་སྐྱོང་རྫོང་ཁྲང་ཉིན་གྲོང་རྡལ་ཏེ་ཅཱ་སྡེ་བ་བཅས་ཞིང་སྡེའི་གཞིས་ཁུལ་གསུམ་སྐོར་ཁག་དང་པོའི་རྒྱལ་ཡོངས་ཞིང་སྡེའི་བདེ་སྐྱིད་གཞིས་ཁུལ་འཛུགས་སྐྲུན་གྱི་དཔེ་སྟོན་སྡེ་ཁག་ཏུ་གཏན་ཁེལ་བྱས།

2016ལོའི་ཟླ་བརྒྱད་པའི་ནང་དམངས་སྲིད་པུའུ་ཡིས་རྒྱལ་ཡོངས་ནས་ཞིང་སྡེའི་བདེ་སྐྱིད་གཞིས་ཁུལ་འཛུགས་སྐྲུན་གྱི་དཔེ་སྟོན་སྡེ་ཁག་གསར་སྐྲུན་བྱེད་པའི་བྱ་འགུལ་སྤེལ་བའི་ཚུན་ནས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་ཞིང་སྡེའི་གཞིས་ཁུལ་འཛུགས་སྐྲུན་ཚོད་ལྟའི་བྱ་བ་ནན་ཏན་སྒོས་སྤེལ་བ་དང་། མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་ལ་རྒྱབ་བརྟེན་ནས། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་ཞིང་སྡེའི་གཞིས་ཁུལ་འཛུགས་སྐྲུན་ཚོད་ལྟའི་སྡེ་བ་བརྒྱ་དང་གོ་བཞི་བདམས་ཏེ། ཚོད་ལྟའི་སྡེ་བ་ལ་མཛུབ་སྟོན་བྱས་ནས་སྤྱི་ཐུན་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་བྱས་པ་དང་། གཞི་རྩའི་སྤྱི་ཐུན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བྱས་ལ། ཞིང་སྡེའི་རིག་གནས་དར་སྤེལ་དང་རང་སྐྱོང་ནུས་པ་མཐོར་འདེགས་བཏང་བ་དང་། མི་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་གཙོར་བྱས་པའི་ཞིང་སྡེ་གཞིས་ཁུལ་གྱི་ཚོད་ལྟའི་འཛུགས་སྐྲུན་སྤེལ་བ་མ་ཟད། གཅིག་བསྡུས་སྒོས་དོ་དམ་ཐད་ནས་གོ་རིམ་ལྡན་པ་དང་ཞབས་ཞུ་འཐུས་ཚང་བ། དཔལ་ཡོན་གཏན་འཇགས་ཀྱི་ཞིང་སྡེའི་གཞིས་ཁུལ་གྱི་དཔེ་མཚོན་སྡེ་ཁག་འཛུགས་སྐྲུན་བྱས་ཏེ། ཞིང་སྡེའི་བདེ་སྐྱིད་གཞིས་ཁུལ་འཛུགས་སྐྲུན་གྱི་དཔེ་སྟོན་འཛུགས་སྐྲུན་བྱ་འགུལ་ཐད་ནས་རྨང་གཞི་བརྟན་པོ་བཏིངས།

ཐེངས་འདིའི་རྒྱལ་ཡོངས་ཞིང་སྡེའི་བདེ་སྐྱིད་གཞིས་ཁུལ་འཛུགས་སྐྲུན་གྱི་དཔེ་སྟོན་སྡེ་ཁག་འཛུགས་སྐྲུན་བྱེད་པའི་བྱ་འགུལ་དེ། ས་ཆ་སོ་སོས་རང་མོས་ལྟར་ཡིག་ཐོག་སྙན་ཞུ་ཕུལ་བ་དང་། ཞིང་ཆེན་རིམ་པའི་དམངས་སྲིད་སྡེ་ཁག་གིས་ཞིབ་བཤེར་ངོ་སྤྲོད་བྱེད་པ། ཆེད་མཁས་པས་ཡུལ་དངོས་དཔྱད་འཇོག་བྱེད་པ། སྤྱི་ཚོགས་ཡོངས་ལ་ཁྱབ་བསྒྲགས་བྱེད་པའི་རྣམ་པའི་སྒོ་ནས་སྤེལ། 2017ལོའི་ཟླ་བརྒྱད་པར། དམངས་སྲིད་པུའུ་ཡིས་རྒྱལ་ཡོངས་གཞིས་ཁུལ་འཛུགས་སྐྲུན་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་མངག་ནས། མཚོ་སྔོན་ཞིང་ཆེན་གྱིས་ཡིག་ཐོག་སྙན་ཞུ་ཕུལ་བའི་རྒྱལ་ཡོངས་ཞིང་སྡེའི་གཞིས་ཁུལ་འཛུགས་སྐྲུན་དཔེ་སྟོན་སྡེ་ཁག་གསུམ་ལ་ཡུལ་དངོས་དཔྱད་འཇོག་བྱས་པ་དང་། དཔྱད་འཇོག་ཚན་ཆུང་གིས་སྙན་ཞུ་ལ་ཉན་པ་དང་། ཡུལ་དངོས་ལྟ་ཞིབ་བྱེད་པ། སྡོད་དམངས་ལ་འདྲི་རྩད་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཚོད་ལྟའི་སྡེ་བའི་ཞིང་སྡེའི་གཞིས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་རྩ་འཛུགས་མ་ལག གྲོན་དངུལ་འགན་སྲུང་། ཁོར་ཡུག་གཙང་སྦྲ། སྤྱི་ཚོགས་དེའི་ཁྲོད་ཞུགས་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་བདེ་སྐྱིད་གཞིས་ཁུལ་དཔེ་སྟོན་འཛུགས་སྐྲུན་བྱ་བར་ཁས་ལེན་གང་ལེགས་བྱས།