ཉེ་སྔོན། གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མགོ་ལོག་ཁུལ་གྱི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ཡོང་སྒོ་བགོ་བཤའ་བརྒྱབ་ཚད་བསྟུད་མར་ལོ་གཉིས་ལ་སྒོར་བྱེ་བ་ལས་བརྒལ་ནས། འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་ཡང་བསྐྱར་ཚད་གསར་བ་ཞིག་ཏུ་སླེབས་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅུ་བདུན་ལོར། མགོ་ལོག་ཁུལ་གྱིས་བཤས་ཟོག་དང་བཤས་ལུག བཞོན་མ་གསོ་སྤེལ། གཟན་རྩྭ་རྟེན་གཞི། སྔོ་ཚོད་རྟེན་གཞི། བོད་སྨན་རྒྱུ་ཆ་དང་ནགས་ལས་ཐོན་ལས་སོགས་ཐོན་ལས་བཟོ་སྐྲུན་ཆེན་པོ་བརྒྱད་འཕེལ་རྒྱས་སུ་གཏོང་རྒྱུ་དམིགས་འབེན་དུ་བརྩིས་ཏེ། རིགས་སོ་སོའི་མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་བཞི་འབུམ་བཞི་ལེགས་སྒྲིག་བྱས་ནས། ཁྱད་ལྡན་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་རྣམ་གྲངས་ཉེར་དྲུག་འཛུགས་སྐྲུན་བྱས། ལོ་མཇུག་ལ་ཐོན་སྐབས་མཉམ་ལས་ཁང་ཞེ་ལྔས་ཡོང་སྒོ་བླངས་ཏེ། ཡོང་སྒོ་སྒོར་བྱེ་བ་གཅིག་དང་ས་ཡ་བརྒྱད་ཁྲི་གསུམ་སྟོང་བཞི་བགོ་བཤའ་བརྒྱབ་པ་དང་། དེ་ཁྱིམ་ཚང་དྲུག་སྟོང་བདུན་བརྒྱ་གྱ་གསུམ་དང་མི་ཉིས་ཁྲི་ལྔ་སྟོང་བཞི་བརྒྱ་གོ་བདུན་ལ་བགོས་པ་དང་། ཁྱིམ་ཚང་རེར་ཆ་སྙོམས་སྒོར་ཉིས་སྟོང་དྲུག་བརྒྱ་ང་བརྒྱད་བགོས་ཏེ། འབྲོག་ཁྱིམ་གྱི་ཡོང་སྒོ་འཕར་བར་ནུས་ལྡན་སྒོས་སྐུལ་ཁྲིད་བྱས།
དེ་དང་མཉམ་དུ། མགོ་ལོག་ཁུལ་གྱིས་ཕྱུགས་ལས་ཐོན་ཁུངས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱད་ཆོས་གཞིར་བཟུང་སྟེ། མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་བཀུར་གང་ལེགས་བྱས་པ་དང་། ཡུལ་བབ་དང་བསྟུན་ནས་ཁུལ་གྱི་གནས་ཚུལ་ལ་མཐུན་པའི་སྲིད་གཞུང་གིས་རོགས་སྐྱོར་བྱེད་པ་དང་། བསྡུར་ཚད་འོས་འཚམ་གྱིས་མ་རྐང་འཇོག་པ། ཐོན་དབང་གསལ་བོ་ཡིན་པ། ཚོང་གཉེར་གཅིག་བསྡུས་ཡིན་པ། འབྲོག་དམངས་ལ་ཁེ་ཕན་ཐོབ་པ་བཅས་ཀྱི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་གཏོད་བྱས་ཤིང་། བསྡུར་ཚད་འོས་འཚམ་གྱིས་མ་རྐང་འཇོག་པའི་རྣམ་པ་ལག་བསྟར་བྱས་པ་བརྒྱུད་དེ། འབྲོག་པ་མང་ཚོགས་མཉམ་ལས་ཁང་དུ་ཞུགས་ནས་མ་རྐང་འཇོག་པའི་བརྩོན་སེམས་ཆེ་རུ་བསྐྱེད། མིག་སྔར། ཁུལ་ཡོངས་ཀྱིས་བསྡུར་ཚད་འོས་འཚམ་གྱི་མ་རྐང་འཇོག་ཐབས་ཁྱད་ཆོས་བཟུང་བའི་མ་རྐང་ལམ་ལུགས་འཛུགས་ཐབས་ལ་རྒྱ་ཆེའི་ལས་བྱེད་པ་དང་རོང་འབྲོག་མང་ཚོགས་ཀྱི་ཁས་ལེན་ཆེན་པོ་ཐོབ་ཡོད།