2017ལོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་དབུལ་ཕོངས་སྡེ་བ་སོ་ལྔ་དང་། དབུལ་ཕོངས་མི་གྲངས་ཁྲི་གཅིག་དང་དྲུག་བརྒྱ་དབུལ་ཐར་བྱེད་པའི་དམིགས་འབེན་ལས་འགན་ལ་དམ་དུ་དམིགས་ནས། སྲིད་ཇུས་དང་མ་དངུལ། མི་སྣ་བཀོད་སྒྲིག་ཐད་ཀྱི་འགན་སྲུང་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། གནད་ལ་འཁེལ་བའི་སྒོ་ནས་སྲིད་ཇུས་བཀོལ་སྤྱོད་བྱེད་པའི་སྟེང་ཤུགས་འདོན་པ་དང་གྲུབ་འབྲས་ངོ་མ་བླངས་ནས། ཁྱོན་ཡོངས་ནས་སྔོན་བཀོད་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས།
དུས་ལྟར་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་བཟང་བོ་བྱེད་ཆེད། མཚོ་ལྷོ་ཁུལ་གྱིས་དབུལ་སྐྱོར་གསར་སྤེལ་བྱ་བའི་ཟླ་གཅིག་གི་རྒྱུན་ལྡན་གྲོས་ཚོགས་དང་ཟླ་གཅིག་གི་ཁྱབ་བསྒྲགས་ལམ་ལུགས་བཙུགས་པ་དང་། ཁུལ་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ཟླ་རེར་དུས་བཅད་ལྟར་རྫོང་ལྔའི་སྲིད་གཞུང་གི་ཆེད་བསྐོས་རྫོང་དཔོན་དང་དབུལ་སྐྱོར་ཅུའུ་ཀྲང་། ཁུལ་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་བཅས་རྩ་འཛུགས་བྱས་ནས་བྱ་བའི་བཀོད་སྒྲིག་དང་སྐུལ་སྤེལ་གྲོས་ཚོགས་བསྡུས་ཏེ། བྱ་བའི་ལྟ་སྐུལ་ལག་བསྟར་ཐད་སྔར་ལས་ཤུགས་བསྣན། ཁུལ་རིམ་པའི་དཔྱད་ཞིབ་དང་ལྟ་ཞིབ་ཚད་ལེན་ཁྲོད་ཞང་དང་གྲོང་རྡལ་སོ་དྲུག་གི་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་མི་སྣ་གཙོ་བོ་དང་ལོ་འདིའི་ནང་དུ་དབུལ་ཐར་བྱེད་རྒྱུའི་འཆར་གཞི་བཟོས་པའི་དབུལ་ཕོངས་སྡེ་བ་སོ་ལྔའི་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ། ཧྲུའུ་ཅི་དང་པོ་བཅས་རྩ་འཛུགས་བྱས་ནས་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་ཡིག་རྒྱུགས་བླངས་ནས། ཞང་དང་གྲོང་རྡལ་གྱི་སྡེ་བའི་ལས་བྱེད་པས་དབུལ་ཐར་མཁྲེགས་གཏོར་སྲིད་ཇུས་རྒྱུས་ལོན་བྱས་པའི་ཆུ་ཚད་མཐོར་འདེགས་བཏང་བ་དང་། ཁོ་ཚོའི་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་འགན་སྒྲུབ་ནུས་པ་ཇེ་དྲག་ཏུ་བཏང་།
དེ་དང་མཉམ་དུ། ས་གནས་རིམ་པའི་ནོར་ཤུགས་ཀྱིས་དབུལ་ཐར་མཁྲེགས་གཏོར་བྱ་བར་རྒྱབ་སྐྱོར་བྱེད་པའི་ཤུགས་ཚད་རྒྱུན་མ་ཆད་པར་ཇེ་ཆེར་བཏང་བ་དང་། ཁུལ་རིམ་པའི་ནོར་སྲིད་ཀྱིས་བསྡོམས་པས་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་བཞི་འབུམ་དྲུག་ཁྲི་ལྔ་བཏང་ལ། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་མི་འདང་བས། ས་གནས་རིམ་པའི་ནོར་ཤུགས་ཀྱིས་དབུལ་ཕོངས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས། ཐོན་ལས་འཕེལ་རྒྱས། སློབ་གསོའི་གསོ་སྦྱོང་སོགས་ཕྱོགས་ལ་འགན་སྲུང་བྱེད་ཆེད། རྫོང་ལྔའི་ནོར་སྲིད་ཀྱིས་བསྡོམས་པས་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་བདུན་བཏང་སྟེ། དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མང་ཚོགས་ཀྱི་དབུལ་ཐར་ཕྱུག་བསྒྱུར་གོམ་སྟབས་ཇེ་མགྱོགས་སུ་བཏང་།
དེ་མིན། ཁུལ་ཡོངས་ཀྱི་ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་དབུལ་ཕོངས་མི་གྲངས་ཉེན་འགོག་འགན་ལེན་བྱེད་ཡུལ་ཁྲོད་བཞག་པ་མ་ཟད། མ་དངུལ་སྒོར་ས་ཡ་བདུན་དང་འབུམ་དྲུག་ཁྲི་གཉིས་བཏང་ནས་དབུལ་ཕོངས་ཁྱིམ་ཚང་ལ་འཚམ་པའི་ཐོལ་བྱུང་གནོད་འཚེ་སོགས་ཀྱི་ཐོན་རྫས་གསར་སྐྲུན་བྱས་ནས། དབུལ་ཕོངས་མང་ཚོགས་ཀྱི་སྒོ་བསྟེན་སྨན་བཅོས་འགྲོ་གྲོན་དང་གཞི་རྩའི་སྨན་བཅོས་དང་ནད་ལྕི་མོའི་སྨན་བཅོས་ཞག་སྡོད་འགྲོ་གྲོན་ཡོངས་རྫོགས་ཚབ་འཇལ་བྱེད་པ་མངོན་འགྱུར་བྱས་པ་དང་། གཞི་རྩའི་སྟེང་ནས་མང་ཚོགས་ཀྱིས་སྨན་བཅོས་བྱེད་དཀའ་བའི་གནད་དོན་ཐག་བཅད། དེ་མ་ཟད་ཁྱོན་ཡོངས་ནས་སྨན་བཅོས་གནད་ཕིགས་དབུལ་སྐྱོར་ཕྱོགས་བཅུ་རུ་ཁེབས་པར་བྱེད་པ་དང་དབུལ་ཕོངས་མི་གྲངས་ཀྱིས་སྨན་བཅོས་བྱེད་སྐབས་ཀྱི་མེད་པར་བཟོ་བ་གཅིག་དང་ཇེ་ཉུང་དུ་གཏོང་བ་བདུན་གྱི་སྲིད་ཇུས། བདེ་ཐང་དབུལ་སྐྱོར་གྱི་སྐོར་གཅིག་གསུམ་གྱི་འགུལ་སྐྱོད་ཇུས་གཞི་ལག་བསྟར་བྱས་པ་དང་། མ་དངུལ་སྒོར་ས་ཡ་གསུམ་བཏང་ནས་ཁུལ་ཡོངས་ཀྱི་ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་དབུལ་ཕོངས་མི་གྲངས་ལ་ནད་ཆེན་པོ་བྱུང་ཚེ་གཅིག་བསྡུས་སྒོས་སྨན་བཅོས་དོ་དམ་དང་། དལ་བའི་རང་བཞིན་གྱི་ནད་བྱུང་ཚེ་གྲོས་མཐུན་བཀོད་དེ་ཞབས་ཞུ་དོ་དམ་བྱས་པ་དང་། ནད་ལྕི་མོ་བྱུང་ཚེ་འགན་སྲུང་ཁ་གསབ་མས་སྐྱོར་བྱས་པ་མ་ཟད། མཚོ་ནུབ་ཁུལ་གྱི་ནད་ལྕི་མོའི་འགན་སྲུང་ཐེབས་རྩ་བཙུགས་པ་བརྒྱུད་དེ། ཁུལ་ཡོངས་ཀྱི་ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་དབུལ་ཕོངས་མི་གྲངས་ལ་ནད་ལྕི་མོའི་མས་སྐྱོར་འགན་སྲུང་བྱེད་པ་མངོན་འགྱུར་བྱས།