ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་གསུམ་ཁྲི་ལྔ་བཏང་སྟེ། གཙོ་བོར་མཚོ་སྔོན་ཞིང་ཆེན་གྱི་རྨ་ཆུའི་གཞོང་ས་དང་ཚྭ་འདམ་གཞོང་གི་སྤང་ལྗོངས། མཚོ་ལྷོ་ཁུལ་གྱི་ཞིང་ཆུ་གཏོང་ཡུལ་གྱི་ཆུའི་ཚད་འཇལ་སྒྲིག་ཆས་འཛུགས་སྐྲུན་བཅས་ཀྱི་ཐད་བཀོལ་སྤྱོད་བྱེད་རྒྱུ་རེད།
བཟོ་སྐྲུན་དེ་འཛུགས་སྐྲུན་བྱས་རྗེས། ཕན་ནུས་ཡོད་པའི་སྒོ་ནས་འཆར་གཞི་ལྟར་ཆུ་བཀོལ་བ་དང་གྲངས་བཅད་ལྟར་དོ་དམ་བྱེད་པར་ཤུགས་སྣོན་དང་། ཞིང་ཕྱུགས་ལས་ཐད་ཀྱི་ཆུ་གྲོན་ཆུང་བྱེད་པར་ཕན་འདོགས་ཐུབ་པ་མ་ཟད། ཆུའི་ཐོན་ཁུངས་བཀོལ་སྤྱོད་བྱེད་པའི་ལས་ཆོད་དང་ཕན་འབྲས་ཁྱོན་ཡོངས་ནས་མཐོར་འདེགས་དང་། ཕན་མཐོ་ཞིང་ལས་འཕེལ་རྒྱས་སུ་གཏོང་ཐུབ། རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་དུ། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆུ་གཏོང་ཡུལ་ཆེ་རིགས་ཀྱི་འཆར་འགོད་ནང་གི་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་ཡོངས་རྫོགས་མར་བྱིན་པ་དང་། རྒྱུན་མཐུད་འཛུགས་སྐྲུན་བྱེད་པའི་ཆ་སྡེབས་དང་ཆུའི་གྲོན་ཆུང་བསྒྱུར་བཀོད་བཟོ་སྐྲུན་ཡོངས་འགྲུབ་བྱེད་ལ་ཉེ་ལ། ཞིང་ཆུ་གཏོང་ཡུལ་ཆེ་རིགས་ཀྱི་རྨང་གཞིའི་སྒྲིག་ཆས་འཁོར་རྒྱུག་དང་དོ་དམ་སྲུང་སྐྱོབ་བྱ་བ་བཟང་བོར་བསྒྲུབ་རྒྱུ་དེ་དུས་རིམ་རྗེས་མའི་བྱ་བའི་ལས་འགན་གཙོ་བོར་གྱུར།